རིགས་སད་པའི་འཕྲོ་འདུ་ཡི་དོན་འགྲེལ་རྣོ་ལྕགས་ཐུར་མ།

བསེ་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ཞིང་ཁམས་གཞན་དུ་གཤེགས་པ་ལ་འགྱོད་གདུང་དང་བཅས་ཏེ་དྲན་གསོ་ཐོར་བུ།

ཧོར་གཙང་འཇིགས་མེད།

“སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །
འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །
རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །”

བསེ་མཆོག་སྤྲུལ་བློ་བཟང་དཔལ་ལྡན།

ཁ་སང་ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་༥༣ ཐོག་དྲ་གྲོགས་སྐུ་ཞབས་ཆོས་རྒྱ་མཚོ་ལགས་ཀྱིས་ཕྲིན་ཐུང་ཞིག་བཏང་ནས། “གཏམ་ངན། ཨ་ལགས་བསེ་ཚང་དགོངས་པ་རྫོགས་སོང་ཟིག” ཞེས་བྲིས་འདུག་པ་མཐོང་བས་ཅི་བྱེད་འདི་བྱེད་པ་མེད་པ་ལྟ་བུར་གྱུར་ཅིང་། ངོ་དེབ་ཏུ་ཁོང་གི་སྐུ་པར་ལ་ཅེར་ནས་ཡུན་རིང་ཙམ་ལུས་པས་སེམས་ཀྱི་གཏིང་རུམ་ཞིག་ནས་ཅི་ཞིག་གཅུས་ཡོང་བ་ལྟར་མི་བཟོད་པའི་ན་ཟུག་དང་གདུང་སེམས་ཤུགས་དྲག་འབར་བྱུང་།

དྲ་འབྲེལ་ཡོད་མཁན་དུ་མ་ཞིག་གིས་སློབ་དཔོན་གང་གི་སྐུ་པར་ཅི་རིགས་བཀོད་པ་དང་མཉམ་དུ་གདུང་སེམས་མྱ་ངན་གུས་འདུད་མཚོན་པའི་རྗེས་དྲན་སྣ་ཚོགས་ཤིག་སྤེལ་གྱིན་འདུག་ཅིང་། རང་ཉིད་ཀྱང་བསེ་མཆོག་སྤྲུལ་འདི་བ་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ངེས་ཅན་ཞིག་ཡོད་མཁན་དུ་བགྲང་ཆོག་པ་ལྟ་བུར་ཡོད་པས་རང་གི་མྱོང་ཚོར་ཅུང་ཙམ་འབྲི་འདུན་འགོག་མེད་དུ་བྱུང་ནའང་ལས་ཀ་ཞིག་གི་བར་དཀྱིལ་ལ་ཁེལ་བས་སྟབས་མ་བདེ་བ་དང་། མདང་དགོང་ཞིག་ནས་མགོ་ལ་ཟུག་གཟེར་བརྒྱབ་ནས་བསམ་བློ་གཏོང་བའི་རང་དབང་མི་སྟེར་བའི་གནས་སྟངས་འོག་འདོད་དོན་ལག་ཏུ་བླང་ཐབ་མ་བྱུང་། ད་ནི་བྱང་ཨ་མ་རི་ཁའི་ཕྱི་ཚེས་༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ དང་སྐར་མ་༡༠ ཟིན་འདུག་ཅིང་མགོ་གཟེར་ཡང་ཅུང་ཙམ་ལྷོད་འདུག་པས་སློབ་དཔོན་ཆེན་མོ་ཁོང་ཉིད་དང་འབྲེལ་བའི་རྗེས་དྲན་དུམ་བུ་ཞིག་འགོད་རྩིས་ཡིན།

ཧ་ལམ་སྤྱི་ལོ་༡༩༨༢ ལོའི་ཉིན་ཞིག་(༡༩༨༡ ཡིན་ཀྱང་སྲིད། གསལ་ཐག་ཆོད་ཅིག་ཤེས་ཀྱི་མིན་འདུག)བདག་དུས་འཁོར་འདུ་ཁང་གི་ར་སྐོར་ནང་དུ་སྡོད་སྐབས་ཤིག་ལ་ངོ་མི་ཤེས་པའི་མི་ཞིག་བསླེབས་བྱུང་། རྐང་སྙམ་ལྗང་མདོག་ཡོད་པ་ཞིག་དང་། སྟོད་ཐུང་སྔོན་པོའི་གསེང་ན་དམར་ཞད་ཅུང་ཙམ་ཡོད་པ་(སྐབས་དེ་ཏིས་ཁ་ཞེས་པའི་རས་དེ་ཡིན་པ་ཚོར།)གྱོན་མཁན་གྱི་མི་སྟབས་བདེ་ཞིག གདོང་ལ་འཛུམ་གྱིས་ཁེངས་ཤིང་ཞལ་རྩེད་གནང་བ་ལ་དགའ་བའི་མི་ཞིག་བསླེབས་བྱུང་། “ཨ་ཁུ་ཨེ་ཡོད།” ཟེར། ཨ་ཁུ་གང་ཞིག་ལ་བུད་སོང་བ་འདྲ་མི་འདུག་ལབ་དུས། “ཁྱོད་གང་གི་ཡིན།” ང་ཧོར་གཙང་གི་ཡིན་ལབ་དུས་གདོང་ལ་འཛུམ་ཆེན་པོ་ཞིག་ལངས་ནས། “ང་ཡང་ཧོར་གཙང་གི་ཡིན།” ཟེར། དེ་འདྲའི་ངང་ཕར་བཤད་ཚུར་བཤད་གང་འཚམ་བྱས་ཏེ། “འདུ་ཁང་གི་སྒོ་ཕྱེ་ཨེ་ཐུབ་ཟེར།” སྐབས་དེར་འདུ་ཁང་བླ་བྲང་དགོན་པའི་དཔེ་མཛོད་བཟོས་ནས་ཡོད་སྟབས་མཇལ་བ་ནང་དུ་གཏོང་ཆོག་གི་མེད་ཀྱང་། ཁོང་ལ་དམིགས་བསལ་གྱིས་སྒོ་ཕྱེས་ནས་ངེད་གཉིས་མཉམ་དུ་འདུ་ཁང་དུ་སོང་། ངོ་མི་ཤེས་པའི་འགྲུལ་བ་དེ་འདུ་ཁང་སྦུག་ཏུ་ཡོད་པའི་མགོན་ཁང་ལ་སོང་ནས། མཆོད་ཀོང་ཧ་ཅང་ཆུང་ཆུང་ཞིག་ལ་མེ་སྦར་ཏེ་ལག་གཉིས་སྤྱི་བོར་ཕྱག་ཐལ་སྦྱར་བྱས་པའི་བར་དུ་བཟུང་སྟེ་ཚིག་འབྲུ་གོ་མི་ཐུབ་པའི་འདོན་པ་ངེས་ཅན་ཞིག་བཏོན་སོང་། ཧ་ཅང་སེམས་ཐག་ཉེ་བའི་དད་འདུན་ཤུགས་དྲག་གི་སྒོ་ནས་འདོན་གྱིན་ཡོད་པ་ཚོར་ཐུབ་པ་ཞིག་འདུག དེ་ནི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བཀའ་བཀོད་ལྟར་ཀུན་མཁྱེན་འཇིགས་མེད་དབང་བོས་བཞེངས་སྐྲུན་གནང་བའི་དུས་འཁོར་གྲྭ་ཚང་གི་མགོན་ཁང་ཡིན་ལ། རྟེན་གྱི་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན། ཁོང་འདི་ལ་ཕེབས་པའི་རྒྱུ་མཚན་ཡང་དཔལ་ལྡན་ལྷ་མོར་བསྐང་གསོལ་ལྟ་བུ་ཞིག་དབུལ་དུ་ཕེབས་པ་འདྲ་ཞིག་ཚོར་སོང་།

དེ་ནས་ངེད་གཉིས་འདུ་ཁང་ཕྱི་ལ་བུད་ཅིང་། ཁོས་ཡང་བསྐྱར་ངའི་སྐོར་གང་འཚམ་ཞིག་དྲིས་ཏེ་ཕྱིན་སོང་། ཁོ་རང་ཧོར་གཙང་གི་ཡིན་ཡང་ཡང་བཤད་པ་བདེན་མིན་མ་ཤེས་ནའང་ཁོ་རང་ཧོར་གཙང་ཁོག་ལ་རྒྱུས་མངའ་གསལ་བོ་ཡོད་མཁན་ཞིག་རེད། ངས་མི་དེ་སུ་ཞིག་ཡིན་པ་ཤེས་ཀྱིན་མེད་ནའང་དུས་ཚོད་ཐུང་ཐུང་དེའི་ནང་ལ་ཁ་བརྡ་ཅུང་ཟད་བྱས་པ་བརྒྱུད་ནས་མི་དེ་ལ་རང་བཞིན་གྱིས་དགའ་ཞིང་སེམས་ཐག་ཉེ་བོ་ཆགས་པ་ཙམ་གྱིས་མི་ཚད་པར་སེམས་གཏིང་ནས་ཡིད་ཆེས་བསླེབས་པ་ལྟ་བུ་ཞིག་བྱུང་། གཅིག་བྱས་ན་ལས་འབྲེལ་ལྟ་བུ་ཡིན་སྲིད་ལ། གཅིག་བྱས་ན་གྲོང་གསེབ་ཀྱི་མི་དྲང་མོ་གཞན་གྱི་ཚིག་དྲོན་མོ་དང་འཛུམ་དམུལ་བོས་འགུག་ཆོག་ཆོག་ཡོད་པས་ཡིན་ཀྱང་སྲིད། གང་ལྟར་ཉི་མ་དེ་ནས་བཟུང་མི་དེ་སུ་ཡིན་མིན་ལ་བསམ་བློ་མང་བོ་བཏང་ཞིང་། ཧ་ལམ་ཨ་ལགས་བསེ་ཚང་ཨེ་ཡིན་ནམ་སྙམ་པའི་དོགས་པ་ཞིག་སེམས་ནང་ལ་འཇགས་སོང་ཡང་རེ་ཞིག་མི་དེ་སུ་ཞིག་ཡིན་པ་ཤེས་པའི་ཐབས་མ་བྱུང་།

སྤྱི་ལོ་༡༩༨༤ ལོའི་ལོ་མཇུག་གི་ཉིན་ཞིག་སྐྱེས་ཡུལ་གཅིག་པའི་གྲོགས་པོ་བཀྲ་ཤིས་རྒྱ་མཚོ་ཞལ་དཀར་དང་ངེད་གཉིས་ཚོང་ར་ལ་ཕྱིན་པ་ཡིན། སྐབས་དེར་ད་དུང་དགོན་པའི་འདབས་རོལ་ཕལ་ཆེར་ས་གནས་སྲིད་གཞུང་གི་ལས་ཁུངས་ཁག་གིས་བདག་ཏུ་བཟུང་ནས་ཡོད་ཅིང་། སྐོར་མཐའ་དང་ཉེ་བའི་གཞི་མདོའི་ལམ་འགྲམ་ན་ལྕགས་ཁང་ཧ་ཅང་ཆུང་ཆུང་ཞིག་བཙུགས་ཡོད་པ་དེ་རྫོང་ཤིན་ཧྭ་དཔེ་ཚོང་ཁང་གི་ཡན་ལག་ལྟ་བུ་ཞིག་ཡིན་ཚོད་ལ། དེའི་ནང་དུ་བོད་ཡིག་གི་དཔེ་དེབ་ངེས་ཅན་འཚོང་གིན་འདུག ངེད་གཉིས་ཀྱིས་ལྕགས་ཁང་གི་མདུན་ཐད་ནས་བལྟས་དུས་ཕར་གའི་ཆ་མིག་ན་སྔོན་ཆད་མཐོང་མྱོང་མེད་པའི་དཔེ་དེབ་ཚོས་གཞི་ལྗང་ནག་ཅན་ཞིག་མིག་གིས་བཟུང་སོང་། ཚངས་སྲས་བཞད་པའི་སྒྲ་དབྱངས་ཞེས་པའི་དཔེ་དེབ་ཀྱི་ཁ་བྱང་ཡིག་མདོག་དཀར་བོར་ཡོད་པ་དེ་མཐོང་མ་ཐག་“ཨ་ལགས་བསེ་ཚང་གི་ཡིན་གྱི་རེད།” ཅེས་ངའི་ཁ་ནས་དབང་མེད་ཤོར་སོང་། ཚོར་སྣང་ཞིག་གིས་ཁ་ནས་དེ་ལྟར་ཤོར་སོང་། ཚོང་མཁན་ལ་བཤད་ནས་དེབ་ལག་ཏུ་བླངས་སྐབས་དངོས་ནས་ཨ་ལགས་བསེ་ཚང་གི་བརྩམས་ཆོས་རེད། དཔེ་དེབ་དེ་རག་ནས་དགའ་སྣང་སྐྱེས་པ་ལྟ་བུ་ནི་འཇིག་རྟེན་འདི་དང་མི་ཚེ་འདིའི་ནང་དཔེ་དེབ་ཅིག་རག་ནས་དགའ་སྣང་སྐྱེས་མྱོང་མེད་པ་ཞིག་ཡིན་ལ། སྒོར་མོ་༣ དང་སྒོར་ཟུར་༨ ཅན་གྱི་དཔེ་དེབ་དེ་འཕྲལ་དུ་ཉོས་ཤིང་། བཀྲ་ཤིས་རྒྱ་མཚོས་ཀྱང་ཉོ་ཤག་བྱས་ཀྱང་ཁོས་དཔེ་དེབ་ལག་ཏུ་བླངས་ནས་ཕར་སྐོར་ཚུར་སྐོར་ཞིག་བྱས་ཏེ་ཕར་སྤྲད་སོང་། ངས་ཁོང་ལ་ཉོ་འོས་པའི་བསྐུལ་མ་བྱས་ཀྱང་རྗེས་མ་ཞིག་ལ་ཉོ་ཐབས་བྱ་རྒྱུ་ཡིན་ཟེར་ནས་ཉོས་མ་བྱུང་བ་དེ་ནི་ང་ལ་མཚོན་ན་བློ་ངོར་མི་ཤོང་བའི་དོན་དག་ཅིག་ཏུ་གྱུར། མདོ་དོན་ཡ་མཚན་པ་ཞིག་ལ་ཨ་ལགས་བསེ་ཚང་དང་ཐོག་མར་མཇལ་སྐབས་དང་། ཁོང་གི་ལྗགས་རྩོམ་ཐོག་མ་ཚངས་སྲས་བཞད་པའི་སྒྲ་དབྱངས་རིག་སྐབས་སུ་ངོ་སྤྲོད་མ་དགོས་པར་མི་མངོན་པའི་ཚོར་སྣང་ཞིག་གིས་དོན་གྱིས་ཤེས་རྟོགས་བྱུང་སོང་བ་ནི། གལ་སྲིད་ང་རང་མདོ་ཁམས་ཀྱི་ས་གནས་ངེས་ཅན་ཞིག་ཏུ་སྐྱེས་ཡོད་ན། རྟོགས་ལྡན་དང་གྲུབ་ཐོབ་པའི་ཞིང་ཁམས་ལ་སྐྱོད་པའི་ལམ་ཡིག་ཡོང་བ་ཡོད། རྩེད་མཚར་ཡིན།

སྤྱི་ལོ་༡༩༨༥ ལོའི་སྟོན་ཁར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོ་འཛུགས་འཆར་གྱིས་དགོན་སྡེ་ཁག་ཏུ་རྒྱུགས་བླངས་ཏེ་སློབ་མ་བསྡུ་བཞིན་འདུག་པ་དང་། ལོ་དེའི་ལོ་མཇུག་ཙམ་ནས་ཆེས་ཐོག་མའི་སློབ་མ་༣༠ བསྡུས་པ་ལ་སློབ་ཁྲིད་བྱེད་མགོ་ཚུགས་ཤིང་། སྤྱི་ལོ་༡༩༨༦ ལོའི་བོད་ཟླ་༦ ཚེས་༦ ཉིན་ནང་བསྟན་སློབ་གྲྭ་དངོས་སུ་དབུ་བརྙེས་པའི་མཛད་སྒོ་ཚུགས། སྐབས་དེ་དག་ཏུ་ཀན་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་འབྲེལ་ཡོད་ཆོས་ལུགས་དང་ཤེས་ཡོན་སློབ་གསོའི་ལས་རིགས་ཁག་གི་མི་སྣ་གལ་ཆེན་ཁག་ཅིག་མཛད་སྒོར་ཕེབས་ཀྱིན་ཡོད་པ་དང་། ལོ་ངོ་དུ་མའི་གོང་རོལ་ཏུ་ངོ་མ་ཤེས་པའི་མི་དེ་ཡང་ལན་དུ་མར་ཐག་ཉེ་རིང་ཅི་རིགས་ནས་མཇལ་བའི་སྐལ་བྱུང་ཞིང་། མི་དེ་ཨ་ལགས་བསེ་ཚང་ཡིན་པ་ར་འཕྲོད་ནས་ལན་རེ་ཟུང་ལ་ཁོང་གི་ཕྱག་ལ་འཇུ་བའི་གོ་སྐབས་ཀྱང་འཁྱུག་ཙམ་རེ་བྱུང་སོང་།

སྤྱི་ལོ་༡༩༨༦ ལོའི་དབྱར་གཞོང་ཞིག་ལ་སྐེད་ཚིགས་ན་ནས་བླ་བྲང་མི་དམངས་སྨན་ཁང་དུ་ཟླ་བ་གཅིག་དང་ཉིན་གསུམ་ལ་སྡོད་དགོས་བྱུང་། སྐབས་དེ་དུས་རྩོམ་ཡིག་འབྲི་མི་ཤེས་པ་གང་ཞིག་ལ་འབྲི་འདུན་ཧ་ཅང་ཤུགས་ཆེན་ཡོད་སྟབས། སྨན་ཁང་གི་ཉལ་ཁྲིའི་ཐོག་ནས་སྡུག་རུས་བྱས་ཏེ་བླ་བྲང་དགོན་པའི་ཕྱིའི་ཁོར་ཡུག་གི་བཀོད་པ་ནས་བཟུང་སྟེ་བསྟོད་པ་ལྟ་བུའི་ཚིགས་བཅད་ཧ་ཅང་རིང་མོ་ཞིག་བྲིས་ཤིང་། དེ་ཉིད་རྩོམ་ཡིན་དང་མིན། རྩོམ་འགྲོས་བཟང་དང་མི་བཟང་། མ་འོངས་པ་ན་རྩོམ་པ་བོ་ཞིག་བྱེད་པའི་རེ་བ་ཡོད་མེད་སོགས་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་འགྲིམས་མྱོང་མེད་པའི་གྲོང་གསེབ་ཀྱི་ན་གཞོན་ཞིག་ལ་མཚོན་ན་ཤེས་འདོད་ཆེ་བའི་དོན་དག་རྐྱང་རྐྱང་ཡིན། གང་ལྟར་དེ་ལྟར་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་འགྲོགས་འདྲིས་མེད་ཀྱང་སེམས་ཀྱི་གཏིང་ནས་ཚད་མར་གཟུང་འོས་པ་དང་། ཡིད་ཆེས་བྱ་ཆོག་པའི་མི་གཅིག་སེམས་ལ་འཆར་ཡོང་བ་ནི་ངའི་མ་འདྲིས་པའི་མཛའ་བཤེས་ཨ་ལགས་བསེ་ཚང་ཡིན། དེར་བརྟེན་འབྲི་དེབ་དེ་གཙོས་དགེ་ཐོན་སློབ་གྲྭའི་ཁ་བྱང་ཐོག་ཨ་ལགས་བསེ་ཚང་ལ་གཟིགས་འབུལ་གྱི་ཆེད་དུ་བསྐུར་བ་ཡིན། ད་ལྟ་གསལ་བོར་མི་དྲན་ཀྱང་ང་རང་སུ་ཡིན་སོགས་ཡིག་ཆུང་ཞིག་ཀྱང་མཉམ་དུ་ཕུལ་ཡོད་བསམ་པ་འདྲ་ཞིག་འདུག དེའི་ཕྱིས་ཀྱི་ཟླ་ངོ་དུ་མའི་རྗེས་སུ་ཨ་ལགས་བསེ་ཚང་གིས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཁ་བྱང་ཐོག་རྩོམ་ཡིག་དེ་བདག་ལ་ཚུར་བསྐུར་བྱུང་། མགྱོགས་སྟབས་ཀྱིས་ཡིག་སྐོགས་ཁ་ཕྱེས་དུས་སྨྱུ་གུ་དམར་བོ་ཞིག་གིས་ཡིག་ཆུང་ཞིག་བྲིས་ཏེ་སྤྱིར་རྩོམ་འགྲོས་བཟང་བ་དང་། རྩོམ་རྩལ་ཡག་པོ་འབྱུང་རྒྱུ་ལ་དེ་ལུགས་ཀྱི་བརྡ་སྤྲོད་སོགས་ལ་སྦྱང་བ་བྱ་འོས་པའི་བསླབ་བསྐུལ་དགོངས་འཆར་ཐུང་ངུ་ཞིག་ཀྱང་གནང་འདུག སྐབས་དེར་དངོས་ཡོད་གནས་ཚུལ་ཐོག་རྩོམ་འབྲི་བའི་ཤེས་ཚད་ཀྱིས་འདང་གིན་མེད་ཀྱང་། རྦད་དེ་ཁོང་ལ་ལྷག་བསམ་རྣམ་དག་དང་ཡིད་ཆེས་ཞུ་བཞིན་ཡོད་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཀྱི་འཕང་བསྟད་པ་ཡིན་སྲིད།

ལོ་རབས་བརྒྱད་ཅུ་བའི་ནང་དུ་ཨ་ལགས་བསེ་ཚང་བླ་བྲང་དགོན་ནང་ལ་ཡང་ཡང་ཕེབས་ཀྱིན་འདུག་ཅིང་། དེ་དུས་སྔར་དང་མི་འདྲ་བར་འབུ་རས་གློ་མདོག་གི་གཟན་དང་ཁཱ་ཏི་དམར་སྨུག་གི་ཤམ་ཐབས། གོས་རས་གློ་སྐྱ་ཕྲག་ལྷན་ཅན་གྱི་སྟོད་འགག་བཅས་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མའི་མནབ་བཟའ་བཞེས་ནས་ཕེབས་ཀྱིན་འདུག བླ་བྲང་དུ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གི་མདུན་ལ་ཕེབས་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་འཕྲོས་པ་དང་དོགས་གཅོད་གནང་གིན་ཡོད་འདུག་ཅིང་། ཁོང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གིས། ཨ་ལགས་བསེ་ཚང་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གཟིགས་རྒྱ་ཆེ་ཞིང་། ལྷག་པར་དུ་སྔགས་ལ་མཁས་པའི་བསྔགས་བརྗོད་གནང་གིན་འདུག་ཅེས་བདག་གི་སློབ་གྲོགས་རྒན་གྱ་བ་དཀོན་མཆོག་རྒྱ་མཚོས་ནང་ཚགས་ཀྱིས་བཤད་པ་ད་དུང་ཡང་དྲན་ངོ་ན་འདུག

སྤྱི་ལོ་༡༩༩༠ ལོའི་ཟླ་༩ བ་ནས་ང་རང་པེ་ཅིན་དུ་ཡོད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཆེད་འཛུགས་གནང་བའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་འཇུག་པའི་གོ་སྐབས་བྱུང་། ང་ཚོར་བླ་སྤྲུལ་གྱི་མཚན་གནས་ཡོད་མཁན་༢༧  དང་གྲྭ་བ་དཀྱུས་མ་༢༠། སོག་ཡུལ་ནས་ཡོང་བའི་མི་སྐྱ་གསུམ་བཅས་བསྡོམས་པས་མི་གྲངས་༥༠ ཡོད་པ་རྣམས་བླ་སྤྲུལ་གྱི་འཛིན་གྲྭ་དང་གྲྭ་བའི་འཛིན་གྲྭ་གཉིས་སུ་དབྱེ་སྟེ་སློབ་ཁྲིད་བྱས་སོང་། སློབ་སྤྱི་ནགས་ཚང་རིན་པོ་ཆེ་བྱམས་པ་ངག་དབང་ཁོང་བླ་སྤྲུལ་ལ་ཞེན་ཁོག་ཆེ་དྲགས་ནས་ཚོགས་འདུའི་ཐོག་ “བླ་སྤྲུལ་ཚོ་གསེར་རེད། གྲྭ་བ་ཚོ་རག་རེད། རག་ནམ་ཡང་གསེར་དུ་འགྱུར་མི་ཐུབ།” ཅེས་གསུངས་ནས་གྲྭ་བ་ཚོ་ལ་ཐུགས་མཉེ་གནང་གིན་མེད་སྟབས། གྲྭ་བ་ཚོར་སྐར་རྩིས་སློབ་ཁྲིད་དང་ཨ་ལགས་ཆོ་ཤོས་ཀྱིས་ཕར་ཕྱིན་དཔེ་ཁྲིད་ཀྱི་བཟོ་འདྲ་ཞིག་བྱས་པ་ལས་གཞན་པའི་ཆོས་རྒྱུད་ཁག་གི་མཁས་པ་གདན་དྲངས་ཏེ་ཁོང་ཚོའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཀྱི་སྐོར་སློབ་ཁྲིད་གནང་གིན་ཡོད་པའི་ནང་དུ་གྲྭ་བ་ཚོ་མཉམ་ཞུགས་བྱ་ཆོག་གིན་མེད། རྒྱུ་མཚན་དེའི་དབང་གིས་ང་ཚོ་གྲྭ་བ་རྣམས་ཀྱིས་ཨ་ལགས་བསེ་ཚང་གི་མདུན་ནས་ཆོས་དང་རིག་གནས་ཀྱི་སློབ་ཁྲིད་ཞུ་བའི་སྐལ་བ་མ་ལྡན།

སྔར་པཎ་ཆེན་རིན་པོ་ཆེས་སློབ་གླིང་ཐོག་མར་འཛུགས་པའི་སྐབས་སུ་བཀའ་བཀོད་གནང་བ་ལྟར་ཨ་ལགས་བསེ་ཚང་གིས་དགེ་རི་བོ་དགེ་ལུགས་པའི་གྲུ་མཐའི་སྐོར་རྒྱས་བསྡུས་ཧ་ཅང་འཚམ་པ་ཞིག་གསར་རྩོམ་མཛད་པ་དེ་སློབ་གླིང་གི་སློབ་དེབ་བྱེད་ཀྱིན་ཡོད་ཅིང་། རིན་པོ་ཆེ་ཁོང་ཉིད་སློབ་ཁྲིད་གནང་བའི་ཕྱིར་དུ་ཧ་ལམ་ལོ་རེ་རེའི་དབྱར་དུས་ཀྱི་ཟླ་ངོ་དུ་མའི་རིང་པེ་ཅིན་ལ་ཕེབས་ནས་དཔེ་ཁྲིད་གནང་བཞིན་འདུག་ཀྱང་། སྤྲུལ་སྐུའི་མཚན་གནས་མེད་པའི་རྐྱེན་གྱིས་བླ་མ་རིན་པོ་ཆེ་ཁོང་དང་ཆོས་འབྲེལ་གཞག་རྒྱུའི་བསོད་ནམས་མ་ཡོད་ཀྱང་། མཚམས་ལན་རེར་རིན་པོ་ཆེ་མཆོག་གི་བཞུགས་ཤག་ཏུ་བཅར་ནས་སྤྱིར་བཏང་གི་བཀའ་མོལ་ཕྲན་བུ་རེ་ཞུས་པ་དང་། རྩོམ་རིག་དང་འབྲེལ་བའི་དོན་དག་ཙག་ཙིག་གི་ཐོག་ལ་བཀའ་འདྲི་ཞུས་པ། ལྷག་པར་དུ་སྐབས་དེར་བདག་གིས་འབྲི་རྩོམ་བྱེད་བཞིན་པའི་སྙན་ངག་གི་འགྲེལ་ཆེན་མཚོ་བྱུང་དགྱེས་པའི་འཛུམ་ཟེར་གྱི་སྟོད་ཆ་ཤོག་ལྷེ་བརྒྱ་སྐོར་ཞིག་གྲུབ་པ་སྤྱན་བསྟར་ཞུས་པ་སོགས་ཀྱི་སྐལ་བ་བཟང་བོ་བྱུང་།

ཉིན་ཞིག་སྐུ་མདུན་དུ་བཅར་སྐབས། “ཁྱོད་ཀྱིས་ན་ནིང་དོ་ཚིགས་རྩོམ་ཡིག་སྤེལ་གྱི་མི་འདུག་པ་ག་རེ་ཡིན་ནམ།” ཞེས་བཀའ་འདྲི་གནང་བྱུང་ཡང་། ངས་སྤྱི་ལོ་༡༩༨༧-༩༠ ལོའི་བར་ཀན་སུའུ་ནང་བསྟན་སློབ་གྲྭར་སྡོད་སྐབས། ནང་བསྟན་སློབ་གྲྭ་དང་བླ་བྲང་དགོན་པའི་དོ་དམ་ཁང་གཉིས་མཉམ་འབྲེལ་གྱིས་བདག་གིས་རྩོམ་ཡིག་བྲིས་ནས་དུས་དེབ་སོགས་སུ་མ་བཏང་སྔོན་ལ་ཁོང་ཚོར་བསྟན་ནས་དག་ཐེར་དང་ཆོག་མཆན་ཞུ་དགོས་པའི་ཆ་རྐྱེན་དོ་ནན་བཏོན་པ་ལ་བརྟེན་ནས་རྩོམ་ཡིག་འབྲི་མཚམས་ཆད་པའི་གནས་ཚུལ་ཁོང་ལ་སྙན་གསན་ཞུ་སྟབས་མ་བདེ། ཁོང་གིས་མུ་མཐུད་ནས་གསུང་རྒྱུར། “རྩོམ་ཡིག་གང་མང་ངེས་པར་སྤེལ་ན་བཟང་། དུས་དེབ་ཁག་ཏུ་རྩོམ་ཡིག་སྤེལ་རྒྱུ་དེ་གཡུལ་ས་ལྟ་བུ་ཞིག་ཡིན། གཡུལ་ས་ལ་སོང་ནས་དཔའ་བྱེད་མ་ཐུབ་ཀྱང་མདུང་ཐུང་ཞིག་བཟུང་ནས་རང་ས་འཛིན་ཐུབ་ནའང་དགོས་པ་གལ་ཆེན་འགྲུབ་པ་ཡིན།” ཞེས་གསུངས་བྱུང་།

སྤྱི་ལོ་༡༩༩༡ ལོའི་དབྱར་དུས་ཀྱི་རེས་གཟའ་ཉི་མ་ཞིག་ལ་ཨ་ལགས་བསེ་ཚང་གིས་སྟག་ཚང་ལྷ་མོ་གསེར་ཁྲིའི་སྤྲུལ་སྐུ་ཁཱ་ཤི་བསྟན་པའི་རྒྱལ་མཚན་དང་། གཏེར་ལུང་དགེ་འདུན། རྒྱ་མཁར་འཇམ་དབྱངས་རྒྱ་མཚོ་ཡོད་སྙམ་ལྟ་བུ་ལ་གསལ་བོར་མི་དྲན། ཁོང་གི་ཞབས་ཞུ་བ་ཁ་གྱའི་ཁོག་གི་མི་སྐྱ་ཞིག་དང་ང་རང་བཅས་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཟུར་འགྲམ་ན་ཡོད་པའི་ཟ་ཁང་སྤུས་གཙང་ཞིག་ཏུ་ཁྲིད་སོང་། དགེ་འདུན་དང་ཁོང་ཚོ་རྒྱ་ཡིག་ཤེས་མཁན་དག་ལ་ཟ་མ་མངག་ཏུ་བཅུག་བྱུང་ཡང་། ང་ཚོ་ཚང་མ་གྲོང་གསེབ་ནས་ཡོང་བ་ཤ་སྟག་ཡིན་པ་དང་། སྔོན་ཆད་ཟ་ཁང་ཆེན་པོ་དང་ཟས་སྣ་མི་གཅིག་པ་སྣ་ཚོགས་ཡོད་པ་འདི་ལ་འགྲོ་མྱོང་མེད་པ་དང་། རྒྱ་ཡིག་གི་ཟས་མིང་ཙམ་བཀླག་ཐུབ་པའི་དབང་དུ་བཏང་རུང་ཟ་མ་ག་འདྲ་ཡོད་པ་ངོ་མི་འཕྲོད་པའི་དབང་གིས་ཟ་མ་མངག་རྒྱུར་འགོར་འགྱིང་ཆེན་པོ་བྱུང་བ་དང་། ནམ་ཞིག་ཟ་མ་འབྱོར་ཡོང་དུས་མི་རེ་ལ་དཀར་ཡོལ་ཧ་ཅང་ཆེན་པོ་རེའི་ནང་དུ་རུས་སྦལ་གྱི་ཤ་ཡིན་ནམ་གང་ལྟར་ང་ཚོས་ཟ་མྱོང་ཕར་ཟད་མིག་གིས་མཐོང་མྱོང་ཙམ་ཡང་མེད་པའི་ཤ་ཏིག་གཅིག་རེ་ཁུ་བ་དང་མཉམ་དུ་ཡོད་པ་རེ་དང་། དཀར་ཡོལ་ནས་འབྲུ་མ་ཧ་ཅང་ཆུང་ཆུང་རེའི་ནང་ལ་འབྲས་སྐེད་མཐོ་ཙམ་རེ། སྤྱི་གཞུང་ལ་ལུག་ཤ་བརྔོས་མ་རེད་ཟེར་བ་སྡེར་ཆུང་གཉིས་བསྡོམས་ཀྱང་རྒྱུས་པ་ལྟར་ཕྲ་གཏུབ་བྱས་པའི་ཤ་སྲེག་དེ་དག་ང་རང་ལྟ་བུ་ཟ་རྔམ་ལྡན་པ་གཅིག་གིས་ཟོས་ཀྱང་གྲོད་ཁོག་འགྲེང་ཐག་ཆོད་མི་ཡོང་བའི་ཚོད་དུ་སྣང་བ་བཅས། ཟ་མ་དེ་དག་ལ་གཟིགས་ནས་རིན་པོ་ཆེ་མཆོག་ཐུགས་ཅུང་ཟད་ཁྲེལ་བའི་རྣམ་པ་ལྟ་བུས། “འདི་ཙམ་ཡང་མི་འཇོན་ཡ།” གསུངས་ནས་ཁོང་ཉིད་ཀྱིས་ཟས་སྣ་རེ་གཉིས་ཤིག་མངག་སོང་སྟེ། སེམས་ཚབས་ནས་ཟ་མ་རྗེས་མ་དེ་ཚོ་ཅི་ཡིན་དྲན་ངོས་ན་མི་འདུག ཟས་རིན་ཅི་སོང་སྦྱིན་བདག་ལ་རྩིས་བརྒྱབ་སྟེ་ཁོང་དང་ཞབས་ཞུ་རྣམ་པ་གཉིས་ཐོན་ཀྲུང་དབྱང་འབྲུག་རྒྱལ་ཚང་ལ་སྐུ་མགྲོན་དུ་ཕེབས་སོང་། ང་ཚོ་རེ་ཟུང་ཝང་ཧྥུའུ་ཅིན་ལམ་ཆེན་ཐོག་ཡོད་པའི་ལན་ཇུའི་ལག་འཐེན་ཐུག་པ་ཟ་ཁང་དུ་སོང་ནས་ཐུག་པ་རྒྱག་ཚད་འཐུངས་ཏེ་སློབ་གྲྭར་སོང་བ་ཡིན་ལ། ཉི་མ་འདི་ནམ་ཡང་སེམས་ནས་བརྗེད་ཐབས་མེད་པ་ཞིག་འདུག ད་དུང་ཉིན་དེར་སློབ་གྲྭ་ནས་ལམ་ལ་ཆས་ཏེ་འགྲོ་བཞིན་པའི་སྐབས་སུ། ཨ་ལགས་བསེ་ཚང་གི་ཞབས་ཞུ་བ་དེས་ཁྱོད་ཀྱི་ཕ་ཡུལ་ཧོར་གཙང་སྡེ་བ་གང་རེད་ཟེར། ངས་མཆུ་གདོང་སྡེ་བ་རེད་ལབ་དུས་ཁོ་རང་གད་མོ་བགད་ནས་རིལ་འགྲོ་བ་ལྟ་བུ་བྱེད་ཅིང་། “འོ་ན་ཁྱོད་ཀྱི་ཁ་ཆུ་དོང་ནང་ལ་སྐོར་འདུག་ཟེར་བ་དེ་རེད་མོད་” ལབ་ནས་གད་མོ་བགད་ཅིང་འཕྱ་སྨོད་ཀྱི་རྣམ་པ་མང་བོ་བྱས་སོང་ཡང་། ངས་སེམས་གཏིང་ནས་ཁོ་རང་སྙིང་རྗེའི་ཡུལ་ལྟ་བུར་བསམས་ནས་ཅི་ཡང་བཤད་མེད་ལ། ཁོས་ཨ་ལགས་ཚང་གི་ཞལ་རས་ལ་ལྟ་ཞོར་བྱས་ནས་ཡང་དང་བསྐྱར་དུ་མཆུ་གདོང་གི་མིང་གི་སྒྲ་གདངས་ལ་དག་བཏོད་ནས་ས་ཁོལ་ཁོལ་བྱས་སོང་བའང་དྲན་ངོ་ན་འདུག

སྤྱི་ལོ་༡༩༩༡-༩༢ གཉིས་ཀྱི་བར་སྐབས་ཤིག་ཨ་ལགས་བསེ་ཚང་མཁྲིས་པའི་སྙུང་གཞིའི་དབང་གིས་ལན་ཇུའི་སྨན་ཁང་དུ་ཕེབས་ནས་རྒྱུན་རིང་ཙམ་བཞུགས་འདུག་པ་ཐོས་ཤིང་། སྐབས་དེར་སྨན་ཁང་ནས་བདག་ལ་ཚིགས་བཅད་སྙན་ངག་གིས་བཅིངས་པའི་འཕྲིན་ཡིག་ཅིག་འབྱོར་བྱུང་བ་དང་། གཏེར་ལུང་དགེ་འདུན་ལའང་དེ་མཚུངས་འབྱོར་འདུག འཕྲིན་ཡིག་སྙན་ངག་དེའི་ནང་དུ་བདག་ལ་དབུགས་དབྱུང་བ་དང་། བརྩེ་བ་སྙིང་རྗེས་དྲངས་ཏེ་བསྟོད་བསྔགས་ཀྱི་རྣམ་པ་མང་ཙམ་མཆིས་པ་དང་། ངེས་པར་དུ་བསམ་བློ་གཏོང་དགོས་པའི་མི་ཆོས་ཀྱི་བསླབ་བྱ་གནད་ཅན་དུ་མ་ལུང་བསྟན་གྱི་ཚུལ་དུ་གསུངས་འདུག་པ་པ་ནི་དཔེར་ན། ཨུ་ཚུགས་གཡག་གི་རྭ་ཅོ་ནི། །དུད་འགྲོར་མཛེས་ཀྱི་མི་ལ་མིན། །ལྟ་བུ་དང་། ཐབས་ལ་མཁས་པ་ཐབས་ཀྱི་མཆོག །གཡག་སྣ་ཁུ་ཚུར་ཐབས་ཀྱི་ཐ། ། ཞེས་གསུངས་པ་ལྟ་བུ་གྲོང་གསེབ་པའི་གཤིས་ཀ་གྱོང་བོ་དང་རྒོད་ལ་ཤོར་བའི་གྲྭ་རྐྱང་གི་བསམ་བློ་ཤུགས་ཆེ་དྲགས་ནས་མི་ལ་བསྟུན་མཁས་བྱེད་མ་ཤེས་པ་དང་། ཐབས་ལམ་ལ་བརྟེན་ནས་རང་གི་མངོན་འདོད་འཚོལ་སྒྲུབ་བྱེད་མ་ཤེས་པའི་དབང་གིས་ས་མཐའ་ནས་ཅི་ཡང་མེད་པའི་མི་ལྷག་ལྟ་བུར་གྱུར་པ་སོགས་དེ་དག་ཐམས་ཅད་ཁོང་རིན་པོ་ཆེས་སྔ་མོ་ནས་ཚོད་དཔག་ཐུབ་ཡོད་མྱོང་ཚོར་བྱུང་།

སྤྱི་ལོ་༡༩༩༢ ལོའི་ཟླ་༦ ནང་སློབ་མཐར་ཕྱིན་ཏེ་རང་ཡུལ་དུ་འབྱོར། ཉིན་ཞིག་གཙོས་གྲོང་ཁྱེར་དུ་སོང་ནས་ཨ་ལགས་བསེ་ཚང་ལ་མཇལ་བཅར་ཞུས། ཁོང་གིས་ང་རང་གཟིགས་མ་ཐག་“དེ་རིང་ཁྱོད་ཡོང་བ་ཏག་ཏག་འགྲིག་སོང་། ངས་ལོ་ངོ་དྲུག་བདུན་གྱི་གོང་ནས་དགེ་ཐོན་སློབ་གྲྭ་ཆེན་མོ་འདིའི་ནང་དུ་ཞིབ་འཇུག་ཁང་ཞིག་དགོས་པའི་ལས་འཆར་དང་རེ་འདུན་སྙན་ཞུ་བརྒྱབ་པ་ལ་ཉི་མ་གཉིས་ཀྱི་སྔོན་ལ་ཞིང་ཆེན་གྱིས་བཀའ་འཁྲོལ་ཆོག་མཆན་ཐོབ་ནས་བརྡ་ལན་འབྱོར་སོང་། ཞིབ་འཇུག་པ་དྲུག་ཙམ་གྱི་ས་མིག་གནང་བྱུང་བའི་ནང་གི་ཞིབ་འཇུག་པ་དང་བོ་དེ་ཁྱོད་ཡིན་གསུངས་སོང་།” ངས་དེ་ལ་ཧ་ཅང་དགའ་མོས་ཡོད་ཀྱང་ད་ལོར་ཕར་ཕྱིན་སྟོན་མོའི་དམ་བཅའ་ལ་ཁེལ་ཡོད་པས། དགོན་པའི་ནང་སོང་ནས་དམ་བཅའ་གཞག་དགོས་ཚུལ་སོགས་ཞུས་ཏེ་གཡོལ་ཐབས་བྱེད་སྐབས་ཁོང་གིས། “མ་གཞི་ནས་ཁྱོད་བདེན། ངས་འདི་ནས་ཁྱོད་ལས་ཁུངས་ཤིག་ཏུ་སྡོད་དུ་བཅུག་ན་ཨ་ཁུ་ཆ་བོས་ང་ལ་སྡིགས་ནས་བསད་འཇོག་ནི་རེད།” གསུངས། དེ་ནས་ཁོང་གིས་དགོངས་པ་ཞིག་བཞེས་ཏེ། “དེ་འདྲ་ཡིན་ན་ཁྱོད་འདིའི་ནང་གི་ཞིབ་འཇུག་པ་བྱ་རྒྱུ་བྱོས། གཏན་དུ་སྡོད་མི་དགོས་པར་ཚོགས་འདུ་ནམ་ཚོགས་དགོས་དུས་ཤོག ནམ་རྒྱུན་བླ་བྲང་དགོན་པའི་ནང་བསྡད་ན་ཆོག་གི ཟླ་ངོ་དྲུག་རེའི་ནང་འདོན་རྒྱུའི་རིག་གཞུང་དུས་དེབ་ཅིག་འདོན་འཆར་ལ། ཁྱོད་ཀྱིས་ལོ་གཅིག་ལ་དུས་དེབ་ཏུ་དགོད་རྒྱུའི་དཔྱད་རྩོམ་གཉིས་རེ་འཚག་ནི་བྱོས།” གསུངས་སོང་བ་སྐབས་དེར་མཚོན་ན་མགོ་མ་གཡུགས་ནས་ལྷ་བབ་ཅེས་པའི་དཔེ་ལྟ་བུ་ལས་མ་འདས་པ་ཡིན་ཀྱང་། ཕྱི་ལ་འགྲོ་རྒྱུའི་སེམས་ཐག་བཅད་ནས་ཡོད་སྟབས་རིན་པོ་ཆེ་ལ་བཀའ་ལན་གསལ་ཁ་ཅན་གང་ཡང་མ་ཕུལ་བར་བཀའ་དྲིན་ཞུས་ཏེ་ཐོན་ཡོང་བ་ཡིན་ལ། དུས་དེ་ནས་བཟུང་སྟེ་སྤྱི་ལོ་༢༠༠༥ བར་དུ་རིན་པོ་ཆེ་དང་འབྲེལ་ལམ་གང་ཡང་འབྱུང་ཐབས་མ་བྱུང་།

སྤྱི་ལོ་༢༠༠༥ ལོར་ཨ་རིའི་ཉོའུ་ཡོར་དུ་ཡོད་སྐབས་ཀྱི་མཚན་གུང་ཞིག་ལ་གཙོས་ཕྲུག་བསམ་འགྲུབ་ཀྱིས་ཁ་པར་འབྱོར་ཏེ། ཁོ་རང་གི་སྤུན་མཆེད་ཅིག་གིས་སྡེ་བ་གཞན་གྱི་མི་ཞིག་ལ་གྲི་བཙུགས་ནས་ཧ་ལམ་བསད་ཡོད་ཚོད་ལ། སྡེ་བ་དེ་ཚུར་རོ་དམག་ལ་རྒྱུག་གྲབས་འདུག་པས་མི་ཤི་རྟ་འགྱེལ་ཡ་ང་བ་ཞིག་ཡོང་ས་རེད། དེ་བས་ཁྱོད་ཀྱིས་ཨ་ལགས་བསེ་ཚང་ལ་ཁ་པར་ཞིག་བཏང་ནས་སྡེ་བ་དེ་གཉིས་ལ་གྱོད་འདུམ་གནང་བའི་ཞུ་འབོད་བྱེད་རོགས་ཟེར་ནས་ལན་ཇུའི་མི་ཁྱིམ་ཞིག་གི་ཁ་པར་ཨང་གྲངས་སྤྲད་བྱུང་། ངས་འཕྲལ་དུ་ཁ་པར་བཏང་སྐབས་སུ་ཡིན་ངོ་ཐག་མ་ཆོད་ནས་ཁ་པར་བཅད་སོང་། ལན་གཉིས་པར་བཏང་སྐབས་ཁྱེད་རང་སུ་ཡིན་ཟེར། ང་རང་ངོ་སྤྲོད་ཅུང་ཙམ་བྱས་ཏེ་ངས་ཨ་ལགས་ཚང་ལ་བཀའ་མོལ་ཐུང་ཐུང་ཞིག་ཞུ་དགོས་ཚུལ་གྱི་རྒྱུ་མཚན་བཤད་པས་ཁ་པར་ཨ་ལགས་ཀྱི་ཕྱག་ཏུ་གཏད་སོང་། ངས་ཨ་ལགས་ཚང་ལ་འཚམས་འདྲི་མདོར་བསྡུས་ཤིག་ཞུས་ཏེ་གཙོས་ཀྱི་རུ་སྡེ་དེ་གཉིས་ཀྱི་ཉེན་ཁའི་རང་བཞིན་དང་གཙོས་ཀྱི་མི་ཞིག་གིས་རིན་པོ་ཆེ་ལ་བར་འདུམ་གྱི་ཞུ་བསྐུལ་འབུལ་གྱིན་འདུག་ཚུལ་བཅས་ཞུས་སྐབས། སྡེ་བ་གཉིས་ཀྱི་བར་དེ་འདྲའི་ཛ་དྲག་ཆགས་ཀྱིན་ཡོད་ན་ངས་གོ་རྒྱུ་ཡིན་ཀྱང་ལོ་རབས་ཅང་མི་འདུག ཕལ་ཆེར་དོན་དག་ཆེན་པོ་ཅང་མ་བྱུང་བ་ཡིན་ས་རེད། གལ་སྲིད་བྱུང་བ་འདྲ་ཞིག་ཡིན་ན་ངས་དེ་ཚོར་བར་འདུམ་ངེས་པར་དུ་བྱ་ངེས་ཡིན་ཞེས་ཞལ་བཞེས་བཟང་བོ་གནང་བྱུང་། ཕྱིས་སུ་མི་དེ་ལ་འཆི་སྐྱོན་མ་བྱུང་འདུག

དེ་ནས་རིན་པོ་ཆེས་ངའི་བདེ་སྡུག་གི་སྐོར་བཀའ་འདྲི་གནང་སོང་བར། འཚོ་གནས་ལ་དཀའ་ངལ་མེད་ཚུལ་སོགས་བསྡུས་ཙམ་ཞུས་དུས་ཁོང་གི་ཞལ་ནས། “ང་ད་རེས་ཧྭན་གའོ་(ཀོ་རི་ཡ།)ལ་སོང་ནས་ཚུར་འཁོར་ཙམ་ཡིན། ལམ་བར་ནས་པེ་ཅིན་དུ་ཅུང་ཙམ་བསྡད་པ་ཡིན། ངས་ཁྱོད་ཀྱི་ཝུན་ཀྲང་(རྩོམ་ཡིག)ཁག་ཅིག་རིག་སོང་། ཝུན་ཀྲང་(རྩོམ་ཡིག)དེ་ཚོ་བྲིས་ནོ་ངོ་མ་བཟང་གི ངས་ཁྱོད་སྲ་གི་ཟེར་ནས་བསྡད་ཡོད་ཅེས།” ཨ་ལགས་ཚང་གིས་རྒྱ་སྐད་དང་བོད་སྐད་འདྲེས་མ་ཡིན་པའི་བཀའ་གང་འཚམ་གསུངས་ཤིང་། མི་ཉམ་ཆུང་གི་དབུགས་དབྱུང་བའི་ཕྱིར་དུ་བསྟོད་བསྔགས་མང་ཙམ་གནང་བྱུང་བ་དེ་ནི་མི་ཚེ་འདིའི་ནང་རིན་པོ་ཆེ་མཆོག་གི་གསུང་སྐད་ཐོས་པའི་ཐ་མ་དེ་ཆགས་སོང་།

སྤྱི་ལོ་༢༠༡༦ ལོའི་བོད་ཟླ་༤ ནང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཧྲིལ་བོར་ཕེབས་པའི་དགའ་སྟོན་གྱ་སྟོན་དང་འབྲེལ་ཏེ་ས་རུ་སྒར་གྱི་ལྷ་འབངས་མི་སྡེ་ཡོངས་ཀྱིས་གསེར་གྱི་གཟེངས་རྟགས་དབུལ་རྩིས་ལ། གཟེངས་རྟགས་ཀྱི་སྟེང་ལ་དགོད་རྒྱུའི་ཚིགས་བཅད་གཅིག་གམ་གཉིས་འབྲི་བར་བསྐུལ་མ་བྱུང་བ་ལ་དང་བ་ཆེན་པོས་ངོས་ལེན་ཞུས་ཤིང་། མཆོད་པ་ཆུང་ཆུང་གི་ཞིག་ངོ་བོར་ཚིགས་བཅད་གཉིས་ཕུལ་ཅིང་། དེ་དང་བསྡོངས་ནས་ཁོང་གི་མཛད་པ་རྗེས་དྲན་གྱི་རྩོམ་ཡིག་གཅིག་ཀྱང་འབྲི་བསྐུལ་བྱུང་བ་ལ་གོང་གི་ཚིགས་བཅད་དེ་དག་རྨང་གཞིར་བཞག་སྟེ་“རིགས་སད་པའི་འཕྲོ་འདུ།” ཞེས་པའི་སྙན་རྩོམ་ཞིག་བྲིས་ཏེ་ཕུལ་བ་ཡིན་ལ།  དེ་ཉིད་རྗེས་དྲན་རྩོམ་དེབ་ཏུ་བཀོད་ཡོད་ཚོད་ཡིན་ཞིང་། སྐབས་དེར་སྙན་ངག་འདིའི་ཁ་བྱང་རང་གི་བློ་ལ་འབབ་པོ་མ་བྱུང་རུང་འདི་ལས་གཞན་པ་ཞིག་དེ་བས་ཀྱང་མ་རྙེད་པས་འདི་ཉིད་འགོད་དགོས་བྱུང་།

སྤྱི་ལོ་༢༠༡༥ ལོ་ཡས་མས་ཤིག་ལ་ལུས་ཁམས་དེ་ཙམ་མ་བདེ་ནས་ནང་མི་ཞིག་ཨ་ལགས་བསེ་ཚང་གི་སྐུ་མདུན་ལ་བཅར་ནས་ཞུས་པར། གཟབ་གཟབ་བྱས་ན་བཟང་གི མི་དགའ་མཁན་སུ་ཞིག་མཐུ་གཏད་བྱས་པའི་ངོ་འདུག རྒྱུན་དུ་རྟ་མགྲིན་གྱི་རྩ་སྔགས་ཁ་བཏོན་བྱས་ན་བཟང་ཞེས་ཕེབས་འདུག་པས། དེ་ནས་སེམས་ལ་ནམ་དྲན་སྐབས་རྟ་མགྲིན་གྱི་རྩ་སྔགས་སྐོར་རེ་བགྲང་ཁུལ་བྱེད་ཀྱིན་ཡོད།

སྤྱི་ལོ་༢༠༡༨ ལོའི་ཟླ་༦ ནང་ཕ་ཡུལ་ལ་འཁྱུག་ཙམ་འགྲོ་བའི་གོ་སྐབས་བྱུང་ཞིང་། ཨ་ལགས་བསེ་ཚང་ལ་མཇལ་བཅར་ཞུ་རྒྱུའི་འདུན་པ་བཅོས་མ་མ་ཡིན་པ་ཡོད་ཀྱང་། མཐོང་མཆན་ཉིན་གྲངས་༢༠ ལས་མེད་པས་དུས་ཚོད་ཀྱིས་འདང་ཤིན་ཏུ་དཀའ་བ་དང་། ཕྱི་ནང་གི་གནས་ཚུལ་མང་བོ་ཞིག་གི་དབང་གིས་ས་གནས་གང་སར་འགྲོ་སྟབས་བདེ་བོ་མ་བྱུང་བ་དང་། ཐོག་མར་འབྱོར་དུས་བརྩད་བཅད་སྐབས་ཨ་ལགས་བསེ་ཚང་སྐུ་བསྙུངས་ནས་ལན་ཇུའི་སྨན་ཁང་དུ་བཞུགས་ཚུལ་གོ་བྱུང་བ་དང་། ཕྱིར་འགྲོ་རན་ཁ་ཞིག་ལ་ཨ་ལགས་ཚང་ཕྱིར་ཕེབས་ནས་གསུང་ཆོས་ཉིན་དུ་མ་ལ་གནང་གིན་ཡོད་ཚུལ་གོ་ཐོས་བྱུང་སོང་ཡང་། མདོར་བསྡུས་ན་རྒྱུ་དང་རྐྱེན་མང་བོ་ཞིག་གི་དབང་གིས་བླ་མ་རིན་པོ་ཆེ་མཆོག་ལ་དངོས་སུ་ཞལ་མཇལ་ཞུ་བའི་སྐལ་བ་མ་ཡོད་པ་དེར་ཕངས་སེམས་ཆེ་ནའང་བྱ་ཐབས་མ་བྱུང་།

མཇུག་སྡོམ་དང་འབྲེལ་ཏེ་ཚིག་རེ་ཟུང་ཞུས་ན། གཏེར་ལུང་བསེ་ཚང་སྐུ་ཕྲེང་ཕྱི་མ་རྣམས་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་གི་དབང་གིས་ས་རུ་སྒར་བཅུ་གཅིག་ཏུ་གྲགས་པའི་བླ་དཔོན་སྦྲགས་མར་གྱུར་ཅིང་། གནམ་ལྷ། ཧོར་གཙང་། ཁ་གྱ། གཙོས་བཅས་ཀྱི་ཡུལ་སྡེ་འདི་དག་གིས་གཏེར་ལུང་བསེ་ཚང་ལ་དད་གུས་བཀུར་བསྟི་གཞན་ལས་ལྷག་པ་བྱེད་ཅིང་། ཡུལ་གྲུ་འདིའི་སྤྱི་སྒེར་མང་དག་གིས་བླ་མ་རིན་པོ་ཆེ་འདི་བ་དབྱར་སྐྱིད་ཀྱི་ཤིང་སློང་སྟེང་གདན་འདྲེན་ཞུ་ཐབས་ལ་འཚངས་ཀ་བྱེད་པ་དང་། ཁྱིམ་ཚང་རེར་ཕྱི་ནང་གི་དཀའ་ངལ་འགལ་རྐྱེན་རེ་འཕྲད་པའི་ཚེ་ནའང་གསུང་བརྟག་ལུང་བསྟན་ཞུ་ཡུལ་གཞན་འགྲན་མེད་པ་དེ་འདི་བ་ཡིན་པས། བདག་གི་མ་རྒན་དྲིན་མོ་ཆེ་གཅིག་པུ་ལ་མཚོན་ནའང་ཁྱིམ་ཚང་ལ་དཀའ་སྡུག་རེ་བྱུང་དུས་བློ་ཕུགས་བཅོལ་ས་གོང་ན་མེད་པ་དེ་བླ་མ་རིན་པོ་ཆེ་འདི་བ་ཡིན་པས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱི་གཏེར་བརྡོལ་བའི་བླ་མ་འདི་བ་ཞིང་ཁམས་གཞན་དུ་གཤེགས་པ་དེ་རྒྱ་ཆེ་ས་ནས་བོད་གངས་ཅན་གྱི་ཆོས་དང་རིག་གནས་ཀྱི་ཁུར་ཆེན་འདེགས་པར་བཟོད་པའི་ཀ་བ་ཞིག་འགྱེལ་བ་ཡིན་ལ། ཆུང་ས་ནས་བལྟས་ན་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་མདོ་ལྷོ་ཁུལ་གཙོ་བོར་གྱུར་པའི་ཡུལ་ཁམས་འདི་དག་གི་ཡིག་རྨོངས་སེལ་ཏེ་ཤེས་ཡོན་སྤེལ་བ། ཆོས་རིག་གི་སྣང་བ་འགྱེད་མཁན་གྱི་གཏེར་ཆེན་པོ་གང་ཉིད་ཞི་བར་གཟིམས་པ་ཡིན་པས་ཡུལ་ཁམས་སྤྱི་བྱེ་ལ་ཕོག་པའི་གྱོང་གུད་གསབ་ཏུ་མེད་པ་ཞིག་ཡིན།

འཇིག་རྟེན་འདིའི་ཐོག་གི་མི་སུ་ཞིག་སྙིང་རྗེ་སྨོན་ལམ་གྱི་དབང་གིས་བསམ་བཞིན་དུ་སྲིད་པ་བཟུང་ཡོད་ནའང་འདྲ། ལས་དང་ཉོན་མོངས་ཀྱིས་རང་དབང་མེད་པར་སྐྱེ་བ་བླངས་ཡོད་ནའང་ཆོག་སྟེ། སྐྱེས་པ་བླངས་སོ་ཅོག་ནམ་ཞིག་འཆི་བ་ཞེས་པའི་འགག་སྒོ་འདི་ལས་ཐར་ས་ཡེ་ནས་མེད་པ་ཡིན་སྟབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་འཁོར་ལས་འཕྲོས་ཏེ་སྐྱེ་རྒ་ན་འཆི་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་གསལ་བོར་བསྟན་ཡོད་ཅིང་། རང་ཅག་གི་དབུ་ཐོག་ལ་བཀུར་བའི་བླ་མ་དང་། ཁྱིམ་ཕུག་ལ་དབང་བའི་ཕ་མ། སྙིང་གི་གྲོགས་དང་མཆན་གྱི་བུ་སོགས་ཡིད་དུ་འཐད་ཅིང་འབྲལ་མི་ཕོད་པ་སུ་ཞིག་ཡིན་རུང་ནམ་ཞིག་གཏན་དུ་འབྲལ་བར་ངེས་པའི་ཆོས་ཉིད་ལྡོག་ཏུ་མེད་པའི་སྟོབས་ཀྱིས། དུས་ཚོད་འདི་འདྲའི་སྐབས་སུ་ང་ཚོས་རྒྱུ་འབྲས་རྟེན་འབྱུང་གི་ངང་ཚུལ་ལ་གོ་བ་ལོན་པར་བྱས་ཏེ། སྒྲོ་བཏགས་དང་འུད་བསྟོད་ཀྱི་སྔོ་ལོ་མི་འཕྱར་བ་དང་། ལོ་རྒྱུས་ཀྱི་ནད་རྙིང་རྒྱུན་འབྱམས་པ་བསྐྱར་སློང་མི་བྱེད་པ། ཁ་དང་སྣའི་བར་ཐག་སུ་ལ་དབང་ལྟ་བུའི་ཉི་ཚེ་བའི་བསམ་སྤྱོད་བཀག་ནས། དམ་པ་འདི་བ་དང་འདི་བས་མཚོན་པའི་སྐྱེས་མཆོག་སུ་ཞིག་སྐུ་འཁྲུངས་པ་ནས་ཞིང་ཁམས་གཞན་དུ་མ་གཤེགས་ཀྱི་བར་དུ་སྐུ་ཚེ་ཧྲིལ་བོར་འཇིག་རྟེན་ལ་ཕན་པ་དང་། སྤྱི་ཚོགས་ལ་ཕན་པ། མི་རིགས་ལ་ཕན་པ། རིག་གནས་ལ་ཕན་པ། རང་གི་ཆོས་ལུགས་ལ་ཕན་པའི་མཛད་རླབས་གང་ཞིག་མཆིས་པ་རྣམས་མིག་སྨན་མིག་ཐོག་ལ་ཁེལ་བར་བྱེད་པའི་མཐུན་གྲོགས་ཤིག་ཞུ་ཐུབ་ན། སྐྱེས་མཆོག་དམ་པ་དེ་དག་གི་དགོངས་གཞི་དེ་ལས་གཞན་ཡོད་མི་སྲིད་ཅིང་། རྗེས་འཇུག་པ་དང་གདུལ་བྱ་སོགས་ཀྱི་མཚན་གནས་བརྗིད་པོ་འཁྱེར་མཁན་ཚོས་ངེས་པར་དུ་བསྒྲུབ་འོས་པའང་དེ་ག་རང་ལས་མེད་པར་སྙམ།

རྒྱུ་མཚན་དེ་དག་གི་ཕྱིར་ན་བླ་མ་འདི་བས་སྐུ་ཚེ་སློབ་གཉེར་ལ་བསྟིམས། སྐུ་ཚེ་འཆད་ཁྲིད་ལ་བསྟིམས། སྐུ་ཚེ་ལྗགས་རྩོམ་ལ་བསྟིམས། སྐུ་ཚེ་མི་གཞི་འཛུགས་སྐྲུན་ལ་བསྟིམས་ཏེ་མཁས་པའི་རྒྱལ་ཐབས་བཟུང་བ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནས་ཞིང་ཁམས་གཞན་དུ་མ་གཤེགས་ཀྱི་བར་དུ་དགེ་ཚུལ་སློང་དང་གསང་སྔགས་བྱང་སེམས་སྡོམ་པ་དམ་ཚིག་གི་སྤུ་ཉག་རྐང་གཅིག་དགུག་པར་བྱེད་ལའང་འཇིགས་སྣང་ལྡན་པ་སྟེ་བཙུན་པའི་ཡོན་ཏན་དང་། མིང་གིས་རྒྱགས་ཤིང་འབྱོར་བས་སྦོས། འཁོར་ཚོགས་དང་གུས་བཀུར་གྱིས་ལངས་ལ་ཤོར་བའི་བླ་སྤྲུལ་མཁན་གསུམ་དང་། དཔོན་རིགས། མི་རིགས་ཀྱི་ལས་བྱེད་པ་སོགས་ཆོས་དང་རིག་གནས་མི་རིགས་དང་བཅས་པ་ལ་ཚོར་སྣང་གཏན་ནས་མེད་མཁན་དང་། ཁ་ནས་བཤད་དུས་ཡོད་ཀྱང་ལག་ལེན་ལ་འགེལ་དུས་མེད་མཁན། ཆང་གིས་བཟི་དུས་ཡོད་མཁན་དང་ར་དྭངས་ན་ཅི་ཡང་མི་འཇོན་མཁན་ཏེ་རང་ཅག་གི་སྤྱི་ཚོགས་འདིས་བློ་སྙིང་བྲང་གསུམ་གཏོད་སའི་འགོང་བོ་ལག་གཟེད་དེ་ཚོའི་བྱ་སྤྱོད་ལ་ཅི་ཙམ་བསམ་པ་དེ་ཙམ་གྱིས་སྐྱེས་མཆོག་འདི་བ་དང་འདི་བ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དག་ལ་བཅོས་མ་མ་ཡིན་པའི་དད་གུས་འཕེལ་ཅིང་། ལོ་རྒྱུས་ཀྱིས་འདི་རྣམ་པའི་གཤེགས་ཤུལ་དུ་གསེར་བཟང་གི་འོད་ཀྱིས་དགང་ངེས་ཡིན།།

དམ་པ་འདི་བ་ཞལ་ཚོར་བ་ནས་ད་ལྟའི་བར་སེམས་ཀྱི་གཏད་སོ་འཆོལ་མ་མྱོང་ཞིང་། དང་བའི་མིག་འབུར་ཟིམ་མ་མྱོང་བའི་གངས་རིའི་འཁྱམ་པོ་ཧོར་གཙང་འཇིགས་མེད་དུ་འབོད་པས་སྤྱི་ལོ་༢༠༢༡ ལོའི་ཟླ་༩ ཚེས་༢ ཀྱི་ཕྱི་དྲོར་བྱང་ཨ་མི་རི་ཁའི་ཤར་མཐའ་ནས་མགྱོགས་ཤད་ཀྱིས་བྲིས་སོ།།