ཧོར་གཙང་འཇིགས་མེད།

མཁའ་ལ་འཁྲིགས་པའི་སྤྲིན་ཕུང་དེ་ནི་ཆུ་གཏེར་སྐྱོམས་པའི་ཁ་རླངས་ཡིན། །
ས་ཆེན་གཡོགས་པའི་རྒྱ་མཚོ་དེ་ཡང་སྤྲིན་ཕུང་ངལ་བའི་རྔུལ་ཆུ་སྟེ། །
ཁ་བའི་ཞིང་གི་རེ་བའི་རྨི་ལམ་བཞིན་ལེགས་གཟུགས་སྐུའི་གར་དུ་སྦྲུམ། །
གངས་དཀར་ཁྱིམ་ལ་གཟི་བྱིན་བསྐྱེད་པའི་བཙན་པོའི་ཁབ་ཀྱི་བླ་རྡོ་ཡིན། །
ལང་ཚོའི་འདབ་མ་དུས་ཀྱིས་བཅོམ་ཡང་མཁྱེན་རབ་སྦྲང་རྩིའི་གཏེར་བརྒྱ་གྲོལ། །
རྒུད་པའི་ཆག་འཇིག་ཐོག་ལྟར་བབ་ཀྱང་ཚངས་སྤྱོད་གསེར་གྱི་རི་བོ་འཕགས། །
རེ་ཐག་ཆད་པའི་གདོང་དམར་ཁྱིམ་ལ་མཆོག་སྦྱིན་འོད་དཀར་སྣང་བ་བསྩལ། །
ཁྱེད་ནི་གངས་རིའི་བླ་སྲོག་སྐྱོབ་པའི་མི་འགྱུར་སྲིད་པའི་གངས་རྒན་ཡིན། །
མངལ་གྱི་གཏེར་རྒྱ་མ་གྲོལ་གོང་ལ་སྤྲུལ་བའི་ཟློས་གར་ཉིད་དུ་བཀོད། །
ཐོས་པའི་ལྗོན་པ་དུས་ཀྱིས་བཅད་ཀྱང་མཁྱེན་རབ་ནམ་མཁའ་མཛོད་ལ་དབང་། །
ལོ་མང་སྒྱུར་བཀོད་ར་བར་འདས་ཀྱང་རྩོམ་པ་མེ་ཏོག་ཕུང་བོ་ལུད། །
བསླུ་བ་མེད་པའི་རྒྱུ་འབྲས་ཆོས་ཉིད་ཁྱེད་ཀྱིས་དོགས་པའི་གནས་སུ་བཀོད། །
ངར་ལྕགས་གཟེབ་ཀྱི་ར་བས་མ་ཁོག་སླར་ཡང་གངས་དཀར་ལྗོངས་ལ་བྱོན། །
རྐྱེན་ངན་རྒྱ་མཚོའི་རླབས་ཀྱིས་མ་བཅོམ་ཆོས་རིག་བཟའ་ཤིང་ར་བ་བསྐྲུན། །
ནད་དང་འཚེ་བའི་འགག་འཕྲང་བརྒལ་ཏེ་ལོ་རྒན་བརྒྱད་བཅུར་བདེ་བར་ཕེབས། །
ཁྱེད་ལ་དང་བའི་མིག་འབུར་གཏོད་པའི་འབྲེལ་ཐོགས་དག་གི་ལ་རྒྱ་མཐོ། །
ཁྱེད་ཉིད་བརྒྱུད་པའི་བཤུལ་ལམ་རིང་མོ་མི་རིགས་ཞིག་གི་ན་ཟུག་ཡིན། །
གངས་དཀར་ལྷུན་པོར་གས་ཆག་ཤོར་བ་ལོ་རྒྱུས་ཤིག་གི་ཟིན་ཐོ་ཡིན། །
སྦྲ་ཁྱིམ་སྨུག་པོའི་ཚལ་བར་གཤགས་པ་གདོང་མར་ཚང་ལ་ཉམས་སད་ཡིན། །
ཁྱེད་ཀྱིས་མྱངས་པའི་དུས་ཀྱི་གདུང་བ་རྒྱལ་སྲས་སྤྱོད་པའི་ཉམས་ལེན་ཡིན། །
མཐིང་ནག་སྟོད་གོས་བྱིན་གྱིས་མཛེས་ཤིང་དོིར་མ་ལྗང་གུའི་ཚོན་མདངས་སྣུམ། །
བྱམས་བརྩེ་འཁྱིལ་བའི་ཞལ་རས་འཛུམ་ཞིང་བཀྱལ་ཀའི་ཚིག་གིས་ཐོ་ཅོ་གཉེར། །
སུ་ཡིན་ཡང་ཡང་དྲིས་པའི་ལན་དུ་ཕ་ཡུལ་གཅིག་པ་ཡིན་པར་གསུངས། །
ལྐོག་གྱུར་ཚོར་བའི་བག་ཆགས་ཤིག་གིས་སེམས་ལ་དགའ་བ་མང་དུ་བསྩལ། །
གསུང་གི་མེ་ཏོག་སྤྱི་བོར་སིམ་སྟེ་དམ་སྦྱར་སྒོ་ལྕགས་ཧར་གྱིས་ཕྱེས། །
འདོད་ཁམས་བདག་མོའི་སྙན་གྱི་འགྲམ་དུ་ཤུབ་པུའི་ངག་བཅོལ་མང་ཞིག་གནང་། །
བྱིས་པའི་བློ་ལ་འཐད་པའི་ཚིག་གིས་རེ་དང་སྤོབས་པའི་འོད་སྣང་བསྩལ། །
རྒྱུས་མངའ་མེད་པའི་མགྲོན་པོ་ཁྱེད་ལ་དང་བའི་མྱུ་གི་ངང་གིས་འབུས། །
ཞི་བའི་སྤྱན་ལ་བྱམས་བརྩེ་འཁྱིལ་བ་ཁྱེད་ཉིད་སྐད་ཅིག་ཡུད་ཀྱིས་བཞུད། །
ངག་གི་མེ་ཏོག་སར་བའི་འདབ་མ་སྦྲང་རྩིའི་ཟོལ་གྱིས་སྙིང་ལ་འཁྱིལ། །
ད་དུང་སུ་དང་གང་ཞིག་ཡིན་པ་བདག་ལ་ལྐོག་ཏུ་གྱུར་མོད་ཀྱང་། །
ལས་ཀྱི་འབྲེལ་བའི་བག་ཆགས་ཕྲ་མོ་ཉིད་ཀྱི་རྗེས་སུ་མངོན་པར་ཕྱོགས། །
ཞག་གི་འདབ་མ་རེ་རེ་བསགས་པས་མྱོང་བའི་མེ་ཏོག་རེ་རེ་སྨིན། །
གསུང་གི་རྫི་ཆར་རེ་རེ་མྱངས་པས་ཡིད་ཀྱི་ས་གཞི་བརླན་པར་བྱས། །
སྙན་པའི་འབྲུག་སྒྲ་རེ་རེ་ལྡིར་བས་སྙིང་ལ་དཔྱིད་ཀྱི་ལང་ཚོ་སྦྲུམ། །
འདྲིས་པ་མེད་པའི་སྐྱེས་མཆོག་ཁྱེད་ལ་མི་མངོན་དབྱིངས་ནས་འདྲིས་པར་གྱུར། །
ཁ་ཆེའི་ཟས་ཀྱིས་ཚིམ་པ་གཉེར་ཏེ་ཁྲོམ་གཞུང་རིང་མོར་ཉུལ་བར་བྱས། །
གློ་བུར་ལྕགས་ཀྱི་ཁང་མིག་ཞིག་ཏུ་མཇལ་མྱོང་མེད་པའི་དེབ་ཅིག་མཐོང་། །
གར་བྱུང་མ་ངེས་ཚོར་བ་ཞིག་གིས་གང་གི་མཚན་བཟང་ངག་ནས་གྲོལ། །
དེ་ནི་ཚངས་སྲས་བཞད་སྒྲ་ཐོབ་པས་དགའ་བདེ་འབར་བའི་ཉི་མ་ཡིན། །
དེ་ནས་བསོད་ནམས་གཏེར་གྱི་ཕུང་བོ་མིག་གི་དཔལ་དུ་ཡང་ཡང་སྨིན། །
རྗེས་བརྩེ་འོ་མ་དཀར་བོའི་བྱིན་གྱིས་མདུན་དུ་སྐྱོད་པའི་ཟུངས་ཤུགས་བསྩལ། །
ལྡོག་ཏུ་མེད་པའི་ཡིད་ཆེས་ཤིག་གིས་སེམས་ཀྱི་བདེ་སྡུག་ཡོད་ཚད་བཅོལ། །
བྱིས་བློའི་དུང་སྣང་འཕྱུར་བའི་རང་མདངས་གང་གི་དྲུང་དུ་ཡང་ཡང་བཤམས། །
བུ་སློབ་སོས་ཀའི་མེ་ཏོག་སྐྱོང་ཕྱིར་ཁུར་གྱི་ཕུང་བོ་མངོན་པར་ལྕི། །
དད་ལྡན་འདོད་པའི་རེ་བ་བསྐང་ཕྱིར་ཡུས་དང་འཁང་ར་མེད་པར་བརྩོན། །
ཕྱི་རབས་གདུལ་བྱ་རྗེས་སུ་འཛིན་ཕྱིར་རྩོམ་པ་ལེགས་པར་བཤད་པས་བྲེལ། །
མི་ཕམ་ཆོས་ཀྱི་རྒྱལ་ཐབ་ཟིན་ཕྱིར་རིམ་གཉིས་ཟབ་མོའི་དབྱིངས་ལ་འཇུག །
དེ་ལྟའི་མཛད་པ་གཤོག་འགྱུར་ལྡེམ་པོ་མནོག་ཆུང་སྤྲིན་གྱིས་འཕྲོག་བྱས་པ། །
བསམ་གྱིན་བསམ་གྱིན་ཁྲག་གི་དྲོད་ཤུགས་ཡ་ཆུང་སྟོད་ལ་འཚངས་པར་བྱེད། །
རྒྱལ་སྲས་མཆོག་གི་གསང་གསུམ་མཛད་པར་འབྲེལ་བའི་དངོས་པོ་ཅི་མཆིས་པ། །
བྱང་ཆེན་ཞི་བ་ཆེན་པོའི་དབྱིངས་སུ་གཞན་ཕན་སྒྲུབ་པའི་གྲོགས་བྱེད་ཤོག །
སྣང་བ་མཐའ་ཡས་ཐུགས་སྟོབས་བསྐྱེད་དེ་ཆོས་རིག་སྨན་གྱི་ཚལ་ཞིག་བསྐྲུན། །
བཀའ་བཞིན་སྒྲུབ་པ་མཆོད་པའི་ཕུལ་གྱིས་ལུང་རིགས་སྦྲང་རྩིའི་ཆར་ཞིག་ཕབ། །
དམར་སེར་གོས་ཀྱིས་འདབ་མ་ལྡེམ་པའི་སྐུ་ལོ་དག་ལ་མིག་ཞིག་བསྩལ། །
ངན་ངོན་འཚོ་བའི་ཁ་སྟབས་ཞན་པའི་གྲྭ་རྐྱང་དག་ལ་སྐལ་ཞིག་ཆད། །
འོ་མའི་མཚོ་ཆེན་ལྟེམ་པའི་འགྲམ་ན་སྐོམ་གྱིས་གདུང་བའི་ཡི་དྭགས་བཞིན། །
གསུང་གི་གསང་བ་ཟབ་མོའི་དཔལ་ལ་སྤྱོད་པའི་སྐལ་བ་མ་ལྡན་ཡང་། །
གནམ་བདེ་སྒོ་མོའི་གསོལ་ཚིགས་ཁང་དུ་རུས་སྦལ་ཤ་ཁུ་མཉམ་དུ་རོལ། །
ཟས་སྣ་སྟོང་གི་དཀར་ཆག་ཁྲོད་ནས་དགེ་འདུན་འཚབ་པའི་གདམ་གསེས་ཡིན། །
སྤྲུལ་བ་མི་ཡི་ཤ་ཚུགས་འཛིན་པས་ཁོར་ཡུག་སྲིད་ཀྱི་ལག་ཆར་སྤྱད། །
བསླུ་མེད་བྱས་པའི་འབྲས་བུ་སྨིན་ཏེ་སེམས་པ་དཀའ་སྡུག་ཁུར་གྱིས་གནོན། །
འོན་ཀྱང་གང་གི་རྗེས་བརྩེའི་ཀློང་ནས་སྙན་ཚིག་ཁུ་བྱུག་ན་ཆུང་མ། །
ཡིད་ལ་དགའ་བའི་དཔལ་དུ་སྦྲུམ་ཏེ་མྱ་ངན་ནག་པོ་སངས་པར་གྱུར། །
དབྱར་གྱི་ལང་ཚོ་འབར་བའི་དུས་དེར་བསོད་ནམས་གཏེར་ཆེན་ཉིད་དང་མཇལ། །
ཆོས་རིག་དཔྱད་པའི་སྡེ་ལ་འཇུག་པའི་གོ་སྐབས་གསེར་གྱི་ཁྲི་འཕང་བསྩལ། །
དགའ་བའི་ཆུ་གཏེར་མཁའ་ལ་འཕྱུར་ཀྱང་ལས་ཀྱི་ལམ་བུ་གཞན་དུ་ཟུག །
དེ་ནི་མི་ལོ་ཉེར་བཞིར་གྱེས་པའི་འཁྱམ་པོ་ཞིག་གི་རྡོག་ཐོན་ཡིན། །
གཟུགས་སྐུའི་ཞིང་མཆོག་ཡུལ་གྱིས་བསྐལ་ཀྱང་གསུང་གི་གདམ་པ་འོད་དུ་འཚེར། །
མཇལ་བའི་གོ་སྐབས་དབེན་པར་གྱུར་ཀྱང་སེམས་ཀྱི་འོད་ཞགས་དམ་དུ་སྦྲེལ། །
ནོར་རྒྱུན་ལྷ་མོའི་ཟུར་མིག་བྲལ་བས་གསེར་གྱི་མཎྚལ་མ་འབྱོར་ཀྱང་། །
ཟབ་གསང་སེམས་ཀྱི་མྱོང་བའི་མཆོད་པ་སྙན་ཚིག་ངག་གི་གདངས་སུ་འགུག །
ལོ་ངོ་བརྒྱད་ཅུའི་བཤུལ་ལམ་རིང་མོ་གསེར་གྱིས་བྲིས་པའི་གླེགས་བམ་ཡིན། །
འཛམ་གླིང་གོ་ལའི་ཉིན་སྲིབ་དག་ན་ཁྱེད་ཀྱིས་བསྐྱངས་པའི་བུ་སློབ་ཡོད། །
གངས་དཀར་དཀྲིགས་པའི་རི་བོའི་སུལ་ན་ཁྱེད་ཀྱིས་བསྐྱེད་པའི་དབྱར་ལྗོངས་ཡོད། །
མདོ་རྒྱུད་རྒྱ་མཚོའི་གསུང་རབ་ཁྲོད་ན་ཁྱོད་ཀྱིས་སྦར་བའི་སྒྲོན་མེ་ཡོད། །
ཁྱོད་ནི་གངས་དཀར་འོད་ཀྱིས་རྒྱངས་པའི་མི་ནུབ་བྱམས་བརྩེའི་ཉི་མ་ཡིན། །
ཁྱོད་ནི་ས་གཞི་ནེམ་གྱིས་འཛིན་པའི་འཇུངས་མེད་ལྟ་བའི་རྒྱ་མཚོ་ཡིན། །
ཁྱོད་ནི་མཐིང་སྨུག་སྦྲ་ཁྱིམ་ཚང་ལ་རིགས་པ་སྦར་བའི་འོད་སྣང་ཡིན། །
ཁྱོད་ནི་བཙན་པོའི་གདུང་རྒྱུད་འཛིན་པའི་མི་ཕམ་སེང་གེ་དཀར་མོ་ཡིན། །
བྱིན་ཆགས་དྲི་མ་མེད་པའི་ཞབས་ཟུང་ས་ཆེན་འདི་ཡི་རྒྱན་དུ་བཀོད། །
བག་ཡོད་སྤྱོད་པའི་ཁྲིམས་ཀྱི་དངོས་པོ་ཉམས་པ་མེད་པར་བདག་གིར་བཞེས། །
ཞི་བསིལ་དམ་ཆོས་བདུད་རྩིའི་ཉིང་ཁུ་ཐོས་དང་བརྩོན་པས་ཡོངས་སུ་བཙལ། །
ལུང་རིགས་ཉམས་མྱོང་གསེར་གྱི་ཐང་མ་འཇིག་རྟེན་འདི་ཡི་རྒྱན་དུ་བཞག །
རྩེ་གཅིག་གོམས་པའི་བསམ་གཏན་གྱིས་ནི་གཟུགས་སྐུའི་ལྗོན་པ་རྒྱས་པར་ཤོག །
ཆོས་ཉིད་གཟིགས་པའི་ཤེས་རབ་སྟོབས་ཀྱིས་བར་ཆད་མཚན་མ་ཞི་བར་ཤོག །
བདག་གཞན་བརྗེས་པའི་བྱང་ཆུབ་སེམས་ཀྱིས་ཐུགས་ཀྱི་ནམ་མཁའ་གསལ་བར་ཤོག །
བདེན་སྟོབས་བསླུ་བ་མེད་པའི་ཤུགས་ཀྱིས་བདེ་དགེ་ལེགས་ཚོགས་འཕེལ་བར་ཤོག །
དུས་ཀྱི་མཐའ་ན་ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་ཞིང་། ཁ་བ་རི་བའི་ཆོས་རིག་ཡང་དར་ལ་ཀ་བ་དང་གདུང་མ་ལྟ་བུའི་དཀའ་སྤྱད་ལྷུར་བཞེས་ཀྱི་སྒོ་ནས་མི་རིགས་ཀྱི་བླ་སྲོག་སྐྱོབ་པའི་མགོན་སྐྱབས་ཆེན་པོ། སྤྱི་ལོའི་དུས་རབས་བཅོ་བརྒྱད་པ་ནས་ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ལས་སྐྱེས་པའི་བུ་སློབ་ཁྲི་ཕྲག་གི་དབུས་སུ་ཐུགས་ཀྱི་སྲས་གཅིག་པུར་བཞེངས་ཏེ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་སྒོ་ནས། ལོ་ངོ་སུམ་བཅུའི་རིང་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གསར་འཛུགས་སྐྱོང་འཁུར་གྱི་གསེར་ཁྲི་ལ་མངའ་གསོལ་མཛད་པ་ནས་བསེ་ཁྲི་རྒན་དུ་གྲགས་པའི་སྐྱེས་ཕྲེང་དྲུག་པ་མཆོག་སྤྲུལ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དེ་ཉིད། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་སྲིད་འགྱུར་ཡོ་འཁྱོམ་གྱི་འགག་འཕྲང་རེ་རེ་ལས་རྣམ་པར་རྒྱལ་ཏེ། ད་ལོ་རབ་གནས་ཤིང་སྤྲེལ་ལོའི་ཟླ་བཞི་བའི་ནང་དགུང་གྲངས་བརྒྱད་བཅུར་བདེ་ཕེབས་བྱུང་བའི་དགའ་སྟོན་མཚོན་ཕྱིར། གང་གི་མཆོད་གཞིས་སུ་གཏོགས་པའི་ལྷ་འབངས་མི་སྡེ་ཡོངས་ཀྱིས་སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་ཏེ་བརྟན་བཞུགས་བསྟར་འབུལ་དང་། དགུང་གྲངས་བརྒྱད་བཅུའི་རིང་བོད་མི་རིགས་ཀྱི་ཆོས་རིག་བསྐྱར་གསོ་གནང་བའི་མཛད་པ་ལ་མངོན་པར་བསྟོད་ཕྱིར་གསེར་གྱི་གཟེངས་རྟགས་འབུལ་བཞེས་དང་འབྲེལ། སྐུ་ཚེའི་ཧྲིལ་བོའི་མཛད་རྣམ་གྱི་འགངས་མཚོན་པའི་ཚིགས་སུ་བཅད་པ་འདི་དག་ནི། ན་ཚོད་ཕྲ་མོའི་དུས་ནས་མགོན་པོ་གང་ལ་ཡིད་ཆེས་དང་གུས་བརྩི་ལྷུར་ལེན་པའི་རྒྱལ་ཁམས་པ་ཧོར་གཙང་འཇིགས་མེད་དུ་འབོད་པས། སྤྱི་ལོ་༢༠༡༦ ལོའི་ཟླ་༥ ཚེས་༡ ཉིན་ཨུ་རུ་སུའི་རྒྱལ་ཁམས་ནས་མགྱོགས་སྟབས་ཀྱིས་བྲིས་ཏེ་ཕུལ།།