ཡིད་ཀྱི་ལྷ་དར་རིང་མོ།

སྒོ་མང་དགེ་བཤེས་ལྷ་རམས་པ་མཁས་མཆོག་འཇིགས་མེད་རྒྱ་མཚོ་མཆོག་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་མཁན་ཁྲིར་མངའ་གསོལ་མཛད་པའི་དགའ་སྟོན་ལ་ཕུལ་བ་ཡིད་ཀྱི་ལྷ་དར་རིང་མོ་ཞེས་བྱ་བ།

སྒོ་མང་མཁན་པོ་འཇིགས་མེད་རྒྱ་མཚོ་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད། ས་གནས་རྒྱ་གར་རྡ་རམ་ས་ལ། ༢༠༡༩

“དང་པོ་ཁྱོད་དང་ང་གཉིས་མཉམ། །
བར་དུ་ཁྱོད་ཀྱིས་ཚོགས་གཉིས་བསགས། །
ཐ་མར་ཁྱོད་ནི་རྫོགས་སངས་རྒྱས། །
ད་ལྟ་ཁྱོད་ལ་ཕྱག་འཚལ་ལོ། །” *

འབྲུག་པ་ཀུན་ལེགས།


ཧོར་གཙང་འཇིགས་མེད།

ཆུ་ཡི་ནེམ་དང་ས་ཡི་བཅུད། །
ཉི་མའི་དྲོད་དང་རླུང་གི་སྲོག །
མཁའ་ཡི་གོ་སྐབས་ཕྱེས་པ་ཡིས། །
ཨུ་དུམ་ཝ་རའི་མེ་ཏོག་སྐྲུན། །

སྔ་མའི་ལས་དང་འཕྲལ་གྱི་རྐྱེན། །
དད་བརྩོན་ཐོས་དང་བསམ་པའི་སྟོབས། །
རྒྱུ་དང་འབྲས་བུའི་རྟེན་འབྲེལ་གྱིས། །
ཟླ་མེད་སྨྲ་བའི་དཔལ་དུ་གྲུབ། །

ངེས་འབྱུང་དཔྱིད་ཀྱི་རླུང་བུ་ལྡང་། །
ཐར་འདོད་དྲོད་ཀྱི་མེ་སྟག་འཛུམ། །
འགོག་མེད་དད་པའི་རླུང་ཤུགས་ཀྱིས། །
བཀྲ་ཤིས་གཡས་སུ་འཁྱིལ་བར་བྱོན། །

བཤེས་གཉེན་གཅིག་གི་འཁོར་དུ་འདུས། །
གྲྭ་ཚང་གཅིག་གི་གྲལ་དུ་འཛོམས། །
ཆོས་གྲྭ་གཅིག་ཏུ་མཇིངས་པ་བརྡར། །
རྣམ་ཐར་མིན་ཀྱང་རྗེས་དྲན་ཡིན། །

མཇལ་བའི་རྣམ་གྲངས་བགྲང་ལས་འདས། །
འདྲིས་ནས་ལྷན་ཅིག་འཛོམས་པ་མེད། །
མཆོང་རྒྱུག་འཇུ་བའི་རྩལ་རྫོགས་པ། །
གྱལ་གྱི་སྟོབས་རྩལ་ཡང་ཡང་ཐོས། །

གྲལ་རིམ་གཅིག་གི་མར་གཤམ་ན། །
འཛིན་རིམ་གཅིག་གི་ཁ་འོག་ན། །
བསྡུས་གྲྭའི་རྩོད་རིག་བཟང་བའི་ཚུལ། །
རྒྱུས་མེད་རླུང་བུས་བདས་ནས་ཡོང་། །

བསང་གཞུང་ཕལ་ཆེར་འབྲོག་ལ་གཏོགས། །
ཡུལ་ན་དགོན་སྡེ་གྲྭ་ཚང་མེད། །
སུ་ཞིག་རབ་ཏུ་བྱུང་འདོད་པ། །
བླ་བྲང་དགོན་པའི་གྲྭ་རྒྱུན་ཡིན། །

ཤ་མར་མཐུད་ཀྱི་སྐུ་སྐལ་ཡོད། །
ཞོ་དང་འོ་མའི་མཆོད་སྐལ་རག །
རིལ་མ་ལྕི་བའི་འབུད་རྒྱུ་མང་། །
གྲལ་རིམ་གོང་མའི་རིགས་སུ་གཏོགས། །

ཧོར་གཙང་རོང་མ་འབྲོག་གི་ས། །
རྒྱུ་དང་འབྱོར་བའི་བམ་ཁ་སྲབ། །
གྲྭ་རྒྱུན་ཤིན་ཏུ་ཉུང་བ་ཡིས། །
བཀྲ་ཤིས་འཁྱིལ་ན་ཁ་དབང་ཆུང་། །

བསམ་ཞིང་བསམ་ན་འདི་དག་ཀྱང་། །
འབྲེལ་འདྲིས་མེད་པའི་རྒྱུ་རྐྱེན་ཡིན། །
དཔྱད་ཅིང་དཔྱད་ན་འུ་ཅག་ཀུན། །
རང་ཕྱོགས་འཛིན་པའི་སེམས་ཅན་ཡིན། །

འཕྲོས་པའི་བློ་སྣ་བསྡུས་བྱས་ཏེ། །
བརྗོད་པར་འདོད་པའི་ཡང་དག་གཏམ། །
ཁྱེད་ལ་དང་བའི་མེ་ཏོག་ཕྲེང་། །
རེ་དོག་མེད་པའི་ཡིད་ཀྱིས་དབུལ། །

ཁྱེད་ཀྱིས་ཐལ་ཕྲེང་བློ་ལ་བཟུང་། །
དཔེ་ཀློག་སྐྱོར་སྦྱང་རྒྱུན་དུ་བྱས། །
དཔེ་ཁྲིད་དོགས་གཅོད་ཆག་མེད་ཞུས། །
བསྡུས་ཚན་རིགས་པའི་རྨང་གཞི་བསྐྲུན། །

ང་ནི་རྣམ་པར་གཡེང་བས་ཟོས། །
དོན་མེད་མནོག་ཆུང་ལས་ལ་འཕྱན། །
རྨོངས་པའི་སྟེང་ལ་སྒྱིད་ལུགས་བསྣན། །
ཡར་སྐྱེད་མེད་པའི་བྲག་རྡོ་བཞིན། །

ཁྱེད་ཀྱིས་གུས་རྟག་སྦྱོར་བ་བསྟེན། །
ཚད་མའི་གསང་ཚིག་ཞིབ་ཏུ་སྦྱངས། །
བརྒལ་བརྟག་གློག་འགྱུ་དང་དུ་བླངས། །
རིགས་པ་སྨྲ་བའི་གྲལ་དུ་འཛེགས། །

ང་ནི་མཐའ་བའི་སྲང་ལ་འཁྱམས། །
གློག་གི་གཟུགས་བརྙན་ཁང་ལ་གོམས། །
རྒྱ་དང་ཁ་ཆེའི་ཟས་ལ་རྔམ། །
ཉིན་ཞག་དོན་མེད་ངང་དུ་ཟད། །

ཁྱོད་ཀྱིས་འཕགས་སེང་གཞུང་ལ་བརྩོན། །
ཐལ་ཕྲེང་ཟུར་བཀོལ་སྡོངས་ཏེ་དཔྱད། །
ཐོས་པ་བསམ་པའི་སྲོག་ལ་ཞུགས། །
རྒྱ་ཆེན་སྤྱོད་པའི་གཞུང་ཤིང་རྙེད། །

ང་ནི་རྒྱ་བོད་གྲོང་ལ་འགྲིམས། །
ཐ་སྙད་ཚིག་གི་རོ་ལ་སྲེད། །
ལྟར་སྣང་སྒྱུ་མའི་གར་ལ་ཞེན། །
ཐོས་དང་བརྩོན་པར་རྒྱང་དུ་བཀྱེད། །

རྒྱལ་བའི་འཕྲིན་ལས་འོད་དཀར་གྱིས། །
འུ་ཅག་དཀྱིལ་འཁོར་གཅིག་ཏུ་དྲངས། །
ཤིན་ཏུ་ཐ་དད་ལས་ཀྱི་འབྲས། །
མ་འཆོལ་སོ་སོར་སྨིན་པར་གྱུར། །

ཤིན་ཏུ་ཚ་བའི་ནམ་ཟླར་རྒོལ། །
ལྟོ་སྐྱ་ཧྲུལ་བོའི་གོས་ཀྱིས་འཚོ། །
རྡོ་ཁང་ཕུག་པར་གནས་བཅས་ཏེ། །
མདོ་རྒྱུད་རྒྱ་མཚོའི་ཟབ་གནད་བཙལ། །

ལྷ་རམས་ཞེས་པའི་སྐད་པོ་ཆེ། །
སྔགས་རམས་ཞེས་པའི་རྔམ་པོ་ཆེ། །
མིང་གི་རྒྱལ་མཚན་མཐོན་པོའི་འོག །
བྲང་ཁོག་སྟོང་བའི་མི་ཚོགས་མང་། །

གྲྭ་རྐྱང་དཀྱུས་མའི་རྐང་འགྲོས་ཀྱིས། །
གཞུང་མང་རི་ལུང་སྟོང་བཅད་དེ། །
ཤིན་ཏུ་རྙེད་དཀའ་ཐོས་པའི་ནོར། །
རྣམ་པར་རྒྱལ་བའི་དཔལ་དུ་བསྒྲེངས། །

མཁས་མང་འདུས་པའི་ཆོས་ཀྱི་གྲྭར། །
ལུང་རིགས་སྤུ་གྲིའི་རྣོ་དབལ་འགྲན། །
དབུ་སེམས་ལྟ་བའི་གདེང་རྙེད་དེ། །
སྐྱེས་སྦྱངས་རིགས་པའི་ཁྲུན་ཐག་བཅད། །

ཀླུ་སྒྲུབ་བློ་ཡི་མཚོ་མོ་སྐྱོམས། །
ཐོགས་མེད་སྤྱོད་པའི་རི་བོ་བསྒུལ། །
ཟླ་བའི་རྣམ་དཔྱོད་གློག་ཞགས་འཛིན། །
སྨྲ་བ་མཆོག་ཏུ་དགེ་བའི་སྟོབས། །

གཟུགས་མེད་དྲ་བའི་དབྱིངས་ཤིག་ན། །
མཁས་མང་བསྟར་བའི་རྡང་ཞིག་ན། །
གཞན་གྱིས་ཆོད་པར་མ་གྱུར་པའི། །
དཀའ་བའི་གནས་དེ་ཁྱོད་ཀྱིས་སྤུར། །

སྡེ་སྣོད་གསུམ་གྱི་གསང་བའི་མཐིལ། །
གང་ཞིག་སུ་ཡིས་དྲིས་གྱུར་ཚེ། །
ལུང་རིགས་གོ་སྟོབས་གསུམ་སྦྲེལ་གྱིས། །
དཔྱད་པ་ཞིབ་མོས་རྣམ་པར་འཐག །

ལྷ་ཡི་ཞིང་བཀོད་གཞལ་བའི་མིག །
ཀླུ་ཡི་ཕོ་བྲང་འགྲེལ་བའི་ལྕེ། །
ཚ་གྲང་དམྱལ་བ་བརྗོད་པའི་གདེང་། །
ཁོ་བོའི་བློ་ཡིས་མ་འཆུན་ཀྱང་། །

སྦྱངས་པའི་གནས་ལ་བྱང་བའི་སྟོབས། །
དཀའ་བའི་གནས་ལ་དཔྱད་པའི་གདེང་། །
མདོ་རྒྱུད་སྙིང་བོ་བསྲུབས་པའི་མར། །
ཁྱོད་ལ་དབང་བ་བདག་གིས་རྟོགས། །

དེང་དུས་སོག་མའི་སེང་གེ་མང་། །
ཆེ་བཙན་གཉན་པའི་རལ་ཁ་འཐབ། །
མདོ་རྒྱུད་དཀའ་བའི་གནད་མཐོང་ཚེ། །
ལྕགས་ལ་འདྲད་པའི་འཕར་བ་བཞིན། །

ལོ་མང་བསགས་པ་སྦྲང་རྩིའི་ཟས། །
ཐར་འདོད་བུང་བའི་ཟུངས་གསོ་བ། །
ཕངས་མེད་སྦྱིན་པའི་ལེགས་བྱས་ཀྱིས། །
བློ་ལྡན་ཡིད་ཀྱི་བརྟན་པ་འཕྲོག །

དབུ་སེམས་ལྟ་བ་འཛིངས་པའི་ནགས། །
ཕྲ་རགས་སེམས་འགྱུ་འཕྱུར་བའི་མཚོ། །
གྲུབ་མཐའ་རྣམ་བཞིའི་འཇའ་ཡི་ཚོན། །
ཀུན་ཏུ་འབྱེད་པའི་རྣམ་དཔྱོད་དར། །

གདོས་བཅས་གཟུགས་ལས་འདས་གྱུར་པའི། །
བྱང་ཆུབ་མཆོད་པའི་མེ་ཏོག་གིས། །
རྒྱལ་བ་དགྱེས་པའི་དཔལ་བསྐྱེད་དེ། །
ཤིན་ཏུ་མཉེ་བའི་རྗེས་སུ་བཟུང་། །

རྒྱ་བོད་ཧོར་སོག་ཇུར་ཆིད་ཀྱི། །
ཆེ་དགུས་གཙུག་གིས་མཆོད་བྱས་པ། །
ལྕང་སྐྱ་སྟག་འཚེར་སྤྲུལ་བའི་གར། །
ཁྱོད་ཀྱི་གདུལ་བྱའི་དཔལ་དུ་བྱོན། །

མཁས་དང་གྲུབ་པའི་བསྟི་གནས་མཆོག །
སྒོ་མང་རིགས་པའི་མདུན་ས་ཆེའི། །
གསེར་གྱི་ཁྲི་ལ་མངའ་གསོལ་བ། །
རྒྱུ་ཚོགས་ཚང་བའི་འབྲས་རྟགས་གཅིག །

དཔག་ཚད་འབུམ་གྱི་ཕ་རོལ་ཏུ། །
གཏམ་སྙན་རྣ་བར་ལྷུངས་གྱུར་ཏེ། །
ཡིད་ལ་དགའ་བའི་མདངས་ཕྱུང་བ། །
ལྷད་མེད་སེམས་ཀྱི་རང་མདངས་ཡིན། །

བདག་གིས་གྲུབ་པ་མ་ཐོབ་པས། །
ཁྱེད་ཀྱི་གྲུབ་རྟགས་བརྗོད་ཐབས་བྲལ། །
བདག་གིས་གཞུང་ཆེན་མ་སྦྱངས་པས། །
ཁྱོད་ཀྱི་ཡོན་ཏན་བརྗོད་ནུས་མིན། །

ལོ་དང་ཟླ་བར་གཙུབ་བརྡར་བྱས། །
སྐྱིད་དང་སྡུག་གི་ལ་ལུང་བརྒལ། །
རི་བོའི་ཟས་དང་བཏུང་བའི་མཚོ། །
འཛད་པར་བྱས་པའི་མྱོང་བ་ཟབ། །

འུད་ཀྱི་གསེར་ཤོག་མ་སྦྱར་ཅིང་། །
འགྱིག་གི་འབྲུ་སྣ་མ་སྤུངས་པར། །
དྭངས་གསལ་སེམས་ཀྱི་མཎྚལ་འདི། །
དགའ་བའི་ཡིད་ཀྱིས་འདེག་པར་འདོད། །

གཞན་གྱི་ཕུན་ཚོགས་མཐོང་གྱུར་ཚེ། །
འཆི་དུག་ཁོང་དུ་སོང་བ་བཞིན། །
ཁོང་ནས་ཀུན་ཏུ་མི་བཟོད་པ། །
སྐྱེ་བོ་ཕལ་བའི་རང་གཤིས་ཡིན། །

འོན་ཏང་ཁྱོད་ཀྱི་ལེགས་མཛད་ཀུན། །
ཡར་ཚེས་ཟླ་བའི་དཔལ་འཛིན་པ། །
ཐོས་དང་མཐོང་བའི་མོད་ཉིད་ལ། །
སྙིང་ནས་ཀུན་ཏུ་འདུད་པར་གྱུར། །

དབྱངས་ལྡན་ལྷ་མོའི་མཛུབ་རྩེ་ན། །
ནོར་གྱི་ལྡེ་མིག་མ་མཆིས་པས། །
ཡིད་ཀྱིས་བླངས་པའི་མེ་ཏོག་ཕྲེང་། །
ཁྱེད་ལ་མཆོད་པའི་ཡོན་དུ་དབུལ། །

སྡེ་བདུན་མདོ་ཡི་ལམ་བྱང་ཞིང་། །
རིགས་ཚོགས་དྲུག་གི་གནད་རྙེད་དེ། །
ཕྲ་རགས་ཤེས་བྱའི་དཀའ་བའི་གནས།། །
རིིགས་རྩེད་གློག་གི་ཞགས་པས་སྲེག །

འཁོར་དང་དབང་ཐང་རྒྱས་གྱུར་ཅིང་། །
ཆེ་རྒུས་སྤྱི་བོས་བསྙེན་གྱུར་ཀྱང་། །
རྒྱགས་དང་སྤོབས་པ་མི་མངའ་བ། །
སྨིན་པའི་ཐུགས་ཀྱི་རང་མདངས་ཡིན། །

མི་འཇིགས་སེང་གེ་འབར་བའི་ཁྲི། །
ལེགས་བྱས་སྟོབས་ཀྱི་ཚོམ་བུ་ཅན། །
ངུར་སྨྲིག་གུར་ཀུམ་གསར་བའི་ཚལ། །
མཛེས་པའི་རྒྱན་དུ་འགྱུར་བར་ཤོག །

སྐྱབས་ཅིག་ཕྱག་ན་པདྨོའི་སྡེའི། །
འཕྲིན་ལས་མཁའ་དང་མཉམ་པ་གང་། །
གླིིང་བཞིའི་ཁྱོན་དུ་འབར་བྱེད་པའི། །
ཐུགས་སྟོབས་སྔར་ལས་ཡངས་པར་མཛོད། །

འཆི་གསོན་གཉིས་ཀྱི་སོ་མཚམས་ན། །
གདོང་དམར་བཙན་པོ་ཉམས་པའི་རིགས། །
བཟོད་དཀའ་གཞན་གྱི་དབང་གྱུར་པ། །
འགྲོལ་བའི་ལས་ཀྱང་བསྐྱང་བར་འཚལ། །

འཇམ་མགོན་བླ་མའི་ཐུགས་ཀྱི་བཅུད། །
འཕགས་བོད་གཞུང་བཟང་སྟོང་གི་གནད། །
གསལ་མཛད་འཇམ་དབྱངས་བཞད་པའི་སྡེའི། །
ལེགས་བཤད་གསང་གཏེར་འགྲེམས་པར་མཛོད། །

རྣམ་རྟོག་རི་དྭགས་སྲབ་མེད་པ། །
མཐའ་མེད་ནགས་ལ་ཡན་གྱུར་ཏེ། །
དོན་ལྡན་མེ་ཏོག་སར་བའི་འདབ། །
ཁམ་དུ་ཟ་བའི་ལེ་ལོ་འཕེལ། །

གཅམ་བུའི་པི་ཝང་མ་དཀྲོལ་ཅིང་། །
ཟོལ་བསྟོད་སོག་མ་མ་སྤུངས་པར། །
བདེན་པ་བསྟར་ལ་བརྒྱུས་པའི་ཕྲེང་། །
དཀར་གསལ་འོད་ཀྱི་ཀློང་དུ་ཐལ། །

ཟས་སྤྱོད་འཆག་དང་ཡོ་ག་ཡིས། །
སྐུ་ཡི་ལྗོན་བཟང་རྒྱས་པར་ཤོག །
རྩེ་གཅིག་སྒོམ་པའི་བསམ་གཏན་གྱིས། །
ཐུགས་ཀྱི་མཁའ་དབྱིངས་གསལ་བར་ཤོག །

སྤྱི་ལོ་༢༠༢༡ ལོའི་ཟླ་༡༡ པའི་ཚེས་༡༩ ཉིན་བྱང་ཨ་མི་རི་ཁའི་ཉོའུ་ཡོག་མངའ་སྡེའི་ཁོངས་གཡུ་ལོ་འབར་བའི་ཡུལ་ཁམས་ནས་བྲིས་ཏེ་ཕུལ།།

༡ བདེ་ཆེན་ལྷོ་བྲག་པ་བློ་བཟང་ཆོས་འཕེལ་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཟིན་བྲིས་གསུང་རབ་རིན་ཆེན་གཏེར་མཛོད་ཅེས་པའི་ཤོག་ངོས་༢༤༢ ན་འབྲུག་པ་ཀུན་ལེགས་ཀྱིས་བཤད་པར་གྲགས་པ་འདི་ཉིད་ལུང་དྲངས་འདུག་པ་ལྟར་ཡིན། ལུང་ཚིག་འདིའི་ཚིག་རྐང་རིང་ཐུང་དང་ཚིག་ཟིན་ཅུང་མི་འདྲ་བ་སྣ་ཚོགས་སྣང་།