བོད་དུང་། Tibet patriot

བཅར་འདྲི་བ། བོད་དུང་། Tibet patriot
ལན་གནང་མཁན། ཧོར་གཙང་འཇིག་མེད།
འདྲི་དུས། 2020/4/17/ཉིན།

དྲི་བ། བོད་དུང་། Tibet patriot 1

བཀྲ་ཤིས་བདེ་ལེགས། ཐོག་མར་རྒན་ཁྱེད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་བྱས་པར་དངོས་གནས་དགའ་ཚོར་ཆེན་པོ་བྱུང་། དེས་ན་ཐོག་མར་རྒན་ཁྱེད་རང་ངོ་སྤྲོད་ཅིག་བྱེད་གནོངས་རོགས་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
ཁྱེད་ཀྱི་རེ་འདུན་ལྟར་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན། ངའི་མིང་ལ་ཧོར་གཙང་འཇིགས་མེད་ཟེར། མདོ་སྨད་བླ་བྲང་ཧོར་གཙང་དུ་སྐྱེས། ༡༩༨༠ ལོ་ནས་༡༩༨༦ བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དང་རྣམ་གཡེང་ཟུང་འབྲེལ་བྱས། ༡༩༨༦ ལོ་ནས་༡༩༩༠ བར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོར་ཞུགས་ཏེ་ནང་བསྟན་མཚན་ཉིད་རིགས་པ་(རིག་པ)་གཙོ་བོར་སྦྱངས། ༡༩༩༠ ལོ་ནས་༡༩༩༢ བར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འགྲིམས། ཞར་ཞོར་ལ་སྙན་རྩོམ་སྐོར་ཞིག་དུས་དེབ་ཁག་ཅིག་ཏུ་བཀོད། རྒྱན་གྱི་བསྟན་བཅོས་མཚོ་བྱུང་དགྱེས་པའི་འཛུམ་ཟེར་ཞེས་པའི་སྙན་འགྲེལ་ཆེན་མོ་བརྩམས། སྤྱི་ལོ་༡༩༩༣ ལོ་ནས་དྷ་རམ་ས་ལ་སྨན་རྩིས་མཐོ་སློབ་ཀྱི་རིག་དགེའི་ལས་འགན་བསྒྲུབས། ཞར་ཞོར་ལ་སྙན་རྩོམ་ཁག་ཅིག་བྲིས། ༡༩༩༤ ལོར་ཧོར་གཙང་འཇིགས་མེད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་དེབ་ཆུང་བཞི་བཏོན། ༡༩༩༦ ལོར་སྨན་རྩིས་ཁང་གིས་བདག་གི་སྙན་གཞུང་རྒྱན་གྱི་བསྟན་བཅོས་མཚོ་བྱུང་དགྱེས་པའི་འཛུམ་ཟེར་དཔར་སྐྲུན་གནང་སྟེ། མཐོ་སློབ་དེའི་རིག་གནས་སློབ་དེབ་ཏུ་བདམས། ༡༩༩༧ ལོ་ནས་༡༩༩༩ བར་སྐུ་ཞབས་སྐལ་བཟང་ཡེ་ཤེས་དང་མཉམ་དུ་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་གསར་འཛུགས་བགྱིས་ཏེ། དེའི་སྤྱི་ཁྱབ་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཀྱི་ལས་འགན་བླངས་ཏེ་རིག་གཞུང་ལ་ཞབས་ཞུ་སྒྲུབ་པའི་གོ་སྐབས་བྱུང་། བོད་མིའི་སྤྱི་ཚོགས་སུ་བོད་ཀྱི་རིག་གནས་ཐད་ཤུགས་རྐྱེན་ཆེ་ཙམ་བྱུང་། ༡༩༩༧ ལོ་ནས་༡༩༩༨ བར་ནོར་གླིང་མཐོ་སློབ་ཀྱི་གདན་ཞུའི་རྩོམ་རིག་དགེ་རྒན་གྱི་ཞབས་ཞུ་ཞུས། ༡༩༩༩ ལོ་ནས་༢༠༠༩ བར་བཀའ་འགྲེལ་བཞིན་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ཏེ་མདོ་སྨད་ལོ་རྒྱུས་ཆེན་མོ་གླེགས་བམ་དྲུག་ཅན་རྩོམ་སྒྲིག་བྱས། ༢༠༠༠ ལོ་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མིར་གྱུར། འཛམ་གླིང་གི་ས་ཕྱོགས་མང་བོར་འཚོགས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལ་ཞུགས་མྱོང་ཡོད། སྔ་ཕྱིར་ལོ་རྒྱུས་ཉམས་ཞིབ་ཀྱི་ཆེད་དུ་རྒྱ་བལ་འབྲུག་གསུམ། ཕྱི་སོག ཨུ་རུ་སུ་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་ཅིག་ལ་ཆེད་བསྐྱོད་ཀྱིས་ལོ་རྒྱུས་རྒྱུ་ཆ་གསོག་སྒྲུབ་བྱེད་ཀྱིན་ཡོད། ད་ལྟ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཀའ་སློབ་ལམ་སྟོན་ཞེས་པའི་དགོངས་འགྲེལ་དཔྱད་བརྗོད་གཙོ་སྐྱོང་བའི་ལས་འཁུར་ཞུ་བཞིན་ཡོད། སྔ་ཕྱིར་དགེ་ཆོས་དཔྱད་བརྗོད་དང་། རོལ་མོའི་ལོ་རྒྱུས། རྩོམ་རིག་དཔྱད་རྗོད་སོགས་དཔེ་དེབ་དུ་མ་ཞིག་དཔར་སྐྲུན་བྱས།

དྲི་བ། བོད་དུང་། Tibet patriot 2
དེ་ནས་རྒན་ཁྱེད་རང་གི་ངོས་ནས་ཐོགས་མར་བཅར་འདྲི་འདི་རིགས་ལ་ལྟ་ཚུལ་ག་འདྲ་ཡོད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
ང་རང་གི་བསམ་ཚུལ་ལ་བཅར་འདྲི་ཞེས་པ་དེ་ལ་རིགས་སྣ་ཚོགས་ཤིག་ཡོང་ཆོག་པར་སྙམ། དཔེར་ན་རླངས་འཁོར་རྡབ་སྐྱོན་བྱུང་བའི་ཡུལ་དངོས་ན་ཡོད་མཁན་ཚོར་དཔང་བོ་བའི་ཚུལ་དུ་བཅར་འདྲི་བྱེད་པ་ལྟ་བུའི་གནས་ཚུལ་ཙག་ཙིག་གི་རིགས་ཐད་ཀར་དྲིས་ཆོག་པ་དང་། ས་གནས་ཡུལ་མི་ཚོས་འདོད་པའི་གནའ་མིའི་ངག་རྒྱུན་ལ་ཡོད་པའི་བྱུང་རབས་ལྟ་བུ་བདེན་དཔང་ཁུངས་སྐྱེལ་སྟོན་རྒྱུ་མེད་པའི་རིགས་དེ་ཚོ་ཁ་བརྡ་དང་འབྲེལ་ཏེ་དྲིས་ཆོག་པ་དང་། གཞུང་ལུགས་ཀྱི་དཀའ་གནས་ལ་དོགས་གཅོད་བྱེད་དགོས་པའམ། ལོ་རྒྱུས་ཀྱི་གནད་དོན་གོང་བསྒྲིགས་ཏེ་འཆད་དགོས་པ་ལྟ་བུ་ཧ་ཅང་གཟབ་ནན་བྱ་དགོས་པའི་རིགས་དེ་དག་འགྲོ་ཞོར་འདུག་ཞོར་ལ་དྲི་མི་འོས་པའི་རིགས་དང་། སང་ལོ་དང་གནངས་ལོར་རང་ཁྱིམ་གྱི་ཚེ་བསོད་ཀླུང་རྟ་དར་རྒུད་གང་ཞིག་ཏུ་འགྲོ་མིན་དང་། རང་གི་ཕྲུ་གུས་སློབ་ཆེན་ལ་ཡིག་རྒྱུགས་འཕྲོད་མིན་སོགས་རྨོངས་དད་དང་འདོད་རྔམ་གྱིས་བསྐུལ་ནས་ལྷ་བ་དང་མོ་བ་སོགས་ལ་དྲི་རྨེད་བྱེད་པ་ལྟ་བུ་དང་། འབྲོག་ཕྱོགས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་མང་བོ་ཞིག་གི་ཡུལ་མིའི་གཤིས་སུ་ཡོད་པ་ནི་རང་གིས་མི་ཤེས་པ་གཞན་ལ་འདྲི་སྲོལ་མེད་པ་དང་། ཤེས་ཟིན་པ་དེ་མི་སྣ་འདྲ་མིན་སྣ་ཚོགས་ལ་དྲིས་ཏེ་ཁོང་ཚོས་ཤེས་ཀྱིན་ཡོད་མེད་ཀྱི་ཉམས་ཚོད་ལེན་པར་བྱེད་ལྟ་བུ་ལྐུགས་པ་མགོ་བདེ་ཚོའི་དོགས་དྲི་བྱེད་སྟངས་སོགས་སྣ་ཚོགས་ཤིག་ཡོད་ཆོག་པ་ཡིན་ལ། ཡང་ངེ་ཡེང་ངེ་དང་། ཟང་ངེ་ཟིང་ངེ་། གཞན་གྱི་དུས་ཚོད་དང་མཚན་མཐོང་སོགས་ལ་བབ་བསྟུན་གྱི་བརྩི་བཀུར་བྱེད་མི་ཤེས་པ་དང་རིན་ཐང་འཇོག་མི་ཤེས་པའི་དྲི་བ་དེ་རིགས་ནི་ད་ལྟའི་བོད་ཀྱི་སྤྱི་ཚོགས་སུ་ཁྱི་ཤིག་ལས་འབེལ་བ་ཡིན་སྟབས། བཅར་འདྲི་ཞེས་པའི་མིང་ཐོས་པ་ཙམ་གྱིས་སྤྲོ་བ་མི་འཕེལ་བའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། དེས་ན། ངེས་པར་དུ་གང་ཞིག་རྟོགས་པར་འདོད་པ་དང་། གསལ་བོ་ཆགས་པར་འདོད་པ། གསེད་དཀྲོལ་དགོས་པར་མཐོང་བ། དྲི་བ་དང་དྲིས་ལན་བརྒྱུད་ནས་དོ་སྣང་ཡོད་མཁན་གྱི་སྐྱེ་བོ་མང་བོ་ཞིག་གི་གོ་རྟོགས་སད་ཐབས་དང་བློ་སྒོ་འབྱེད་ཐབས་བྱ་འདོད་ཡོད་ན། ཐོག་མར་འདྲི་ཡུལ་དང་འདྲི་བྱ་གཉིས་གོ་མ་འཛོལ་བ་གཙོར་བཟུང་གི་སྒོ་ནས་འབྲི་ཡུལ་ལ་དེ་ལུགས་ཀྱི་རེ་འདུན་བཏོན། དེ་ནས་བསམ་གཞིགས་ནན་ཏན་སྔོན་དུ་སོང་བའི་དྲི་བ་བཟོས། དེ་ནས་དྲི་བ་ཕུལ། དྲིས་ལན་གནང་མཁན་གྱིས་དྲི་བ་ལ་ལན་འདེབས་བྱེད་པའི་དུས་ཚོད་འདང་ངེས་ཡོད་པར་བྱས་ན། ད་གཟོད་བུར་ཤིང་གི་ས་བོན་ལས་བུར་ཤིང་སྐྱེ་ངེས་སྙམ་པ་ནི་བསམ་ཚུལ་ཙམ་ཡིན་ལ། དཀའ་བ་བརྒྱ་ཕྲག་སྤྱད་ནས་རིག་པའི་གནས་ལ་སྦྱངས་པའི་སྐྱེས་བུ་རྣམ་དཔྱོད་དང་ཨུ་ཚུགས་ཟུང་འབྲེལ་གྱིས་འཚོ་བ་དག་གི་ཁ་སྟབས་ལ་ཚོས་རྩིས་ཀྱིས། ཁོང་ཚོའི་བླ་སྲོག་ལྟ་བུའི་དཀའ་སྤྱད་ཀྱི་འབྲས་བུ་དག་མགོ་བདེ་དྲན་འཕྲུལ་གྱིས་ལེན་པར་འདོད་པ་དང་། དོན་མེད་དུ་ཁོང་ཚོ་སུན་པོ་དང་འོ་བརྒྱལ་བཟོ་མི་རིགས་པ་བདག་གི་རེ་འབོད་ཡིན། གཅིག་བྱས་ན་འདི་ཚོ་ཁྱེད་ཀྱི་དྲིས་ལན་མ་ཡིན་པའི་ལན་འདེབས་དེ་འདྲ་ཡིན་སྲིད།

དྲི་བ། བོད་དུང་། Tibet patriot 3
ང་ཚོའི་མི་རིགས་འདིར་མཚོན་ན་ཆེས་ཐོག་མའི་སྙན་ངག་གམ་རྩོམ་རིགས་ཇི་ལྟར་བྱུང་བ་རེད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
རིགས་ལམ་ལ་བྱང་བ་ཞིག་གིས་བལྟས་ན་དྲི་བ་འདི་སྐྱོན་ཅན་ཞིག་རེད། གང་ཡིན་ཟེར་ན་དྲི་བ་འདིའི་ནང་དུ་རྩོམ་རིག་དང་སྙན་ངག་གཉིས་ཡིན་ཁྱབ་མཉམ་ལྟ་བུར་ངོས་བཟུང་འདུག་པ་དེ་རེད། གང་ཡིན་ཟེར་ན་སྙན་ངག་ཡིན་ན་རྩོམ་རིག་ཡིན་པས་ཁྱབ་ཀྱང་། རྩོམ་རིག་ཡིན་ན་སྙན་ངག་ཡིན་མི་དགོས་ཏེ། བརྩམས་སྒྲུང་དང་། གཏམ་བརྗོད། ཟློས་གར། འཁྲབ་གཞུང་དང་འབེལ་གཏམ་ཤགས་འགྱེད་ལ་སོགས་པའི་སྒྱུ་རྩལ་བརྩམས་ཆོས་དེ་རིགས་རྩོམ་རིག་གི་ཉིང་བཅུད་དེ་སྒྱུ་རྩལ་རྩོམ་རིག་ཡིན་ཀྱང་སྙན་ངག་མ་ཡིན་པའི་ཐོག་ནས་བསམས་ན་ད་གཟོད་ཤེས་རྒྱུ་ཞིག་ཡོད་ངེས་ཡིན་ལ། གལ་སྲིད་མི་ཤེས་ན་ཨུ་ཚུགས་ཀྱིས་ཤེས་སུ་འཇུག་རྒྱུ་གལ་ཆེ།
ད་དུང་ཕྱོགས་ངོས་གཞན་ཞིག་ནས་བཤད་ན། སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་རྩོམ་རིག་གི་ཁོངས་སུ་ཧ་ལམ་ཡི་གེ་བྲིས་ཚད་ཐམས་ཅད་བཞག་ཆོག་པ་ལྟ་བུ་ཞིག་ཡིན་མོད། སྒྲ་ཟོར་དོག་པའི་དབང་དུ་བྱས་པའི་རྩོམ་རིག་ཡིན་ན་ངེས་པར་དུ་སྒྱུ་རྩལ་གྱི་བརྩམས་ཆོས་ཡིན་དགོས་པའང་རྩོམ་འདོད་ཡོད་པ་རྣམས་ཀྱིས་ངེས་དགོས་པའི་རྩིག་རྨང་གལ་ཆེན་ཞིག་ཡིན།
ད་དུང་ཁྱེད་ཀྱི་དྲི་བའི་ནང་དུ་“རྩོམ་རིགས་”ཞེས་བྲིས་པ་དེ་ནི་རྩོམ་གྱི་རིག་གནས་ལ་གོ་མི་ཐུབ་པར། རྩོམ་ལ་ནང་གསེས་སུ་རིགས་ཀྱི་དབྱེ་བ་ཅི་ཙམ་ཡོད་མེད་ལ་གོ་དགོས་པ་ཞིག་ཡིན། གལ་སྲིད་ཁྱེད་ཀྱི་དྲི་བའི་ནང་གི་“རིགས་” དེ་རིགས་ཀྱི་དབྱེ་བ་ལ་གོ་དགོས་ཀྱིན་ཡོད་ན་རྩོམ་རིག་དང་སྙན་ངག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་བཞག་པ་དེ་དེ་བས་ཀྱང་མ་འགྲིག་པ་ཞིག་ཡིན།
ད་དུང་ངེད་གཉིས་ཀྱི་མདུན་དུ་དཀའ་ངལ་ཆེ་ཤོས་ཤིག་ལྷགས་ནས་ཡོད་པ་ནི། སྤྱིར་བཏང་གི་རྩོམ་རིག་དང་སྙན་ངག་གཉིས་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་མིན་དེ་རེད། རྒྱུ་མཚན་ནི། གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཡིན་ན། གྲུབ་པ་དུས་མཉམ་དང་། གནས་པ་དུས་མཉམ། འཇིག་པ་དུས་མཉམ་པ་ཡིན་ཞིག་དགོས་ཀྱིན་ཡོད་མོད། རྩོམ་རིག་དང་སྙན་ངག་གཉིས་གྲུབ་པའམ་བྱུང་བ་དུས་མཉམ་ཡིན་མི་སྲིད་ཅིང་། འཇིག་དུས་ཀྱང་གཅིག་མཚུངས་ཡིན་མི་སྲིད་པའི་དབང་གིས། མི་རིགས་གཞན་གྱིས་ཅི་ཞིག་བཤད་ཀྱིན་ཡོད་མེད་དང་། དེང་རབས་རྩོམ་གཞུང་དུ་འབོད་པ་དེ་རིགས་ཀྱིས་ཅི་ཞིག་བཤད་ཡོད་མེད་ལ་མིག་ཞགས་ཙམ་ཡང་མ་འཕངས་པར་འཇིག་རྟེན་སྤྱིའི་ལུགས་ཀྱི་རྒྱུན་ཤེས་ལྟ་བུའི་ཐོག་ནས་བསམས་ཚེ། རྩོམ་རིག་གི་ནང་ནས་བྱུང་བ་ཆེས་སྔ་ཤོས་དེ་སྙན་ངག་ཡིན་དགོས་པ་ལྟ་བུར་མཐོང་སྟེ། མིའི་རིགས་ཀྱི་ངག་སྨྲ་ཤེས་པ་ནས་སེམས་ཀྱི་དཀའ་སྐྱོའི་རྣམ་པ་ངག་ནས་འདར་འདུར་འཁྱར་འཁྱོར་གྱི་ངང་ལ་བཤད་ཅིང་གྱེར་ནས་ཡོང་བ་ལ་ཚོད་དཔག་བྱེད་ཆོག་པ་དང་། དེ་ནས་སྤྱི་ཚོགས་ཀྱི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་ནས་ཡོང་སྐབས་ང་ཚོའི་གྲོང་གསེབ་ཁག་ཏུ་གནའ་གཏམ་དུ་འབོད་པའི་སྒྲུང་དེ་རིགས་བཤད་ནས་ཡོང་བར་སྣང་ལ། རིམ་གྱིས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་དད་མོས་བྱེད་པའི་མགོ་ཚུགས་པ་སོགས་ཀྱི་བརྒྱུད་རིམ་ངེས་ཅན་ཡོད་དགོས་པ་སྟེ། རང་ཅག་གི་གདོད་མའི་དུས་ཀྱི་མེས་པོ་ཚོས་ཀྱང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་སྐྱང་ཚུལ་བཤད་པ་ལས་ཀྱང་ཚོད་དཔག་རོབ་ཙམ་བྱ་ཐུབ་པར་སྣང་།
ཆེས་ཐོག་མར་རྩོམ་རིག་ཇི་ལྟར་བྱུང་བ་དང་། ཆེས་ཐོག་མར་སྙན་ངག་ཇི་ལྟར་བྱུང་མིན་ལ་ལྟ་ཚུལ་གཅིག་མཐུན་པ་ཞིག་ཡོད་དཀའ་ཞིང་། དེ་བཞིན་དུ་གནས་བབ་གཅིག་མཐུན་པ་དང་། བྱུང་རབས་གཅིག་མཐུན་པའང་ཡོད་དཀའ་བར་སྣང་། ཆེས་ཐོག་མར་ཡི་གེ་སོགས་ལྷ་དང་དྲང་སྲོང་དག་གི་མཐུ་ནུས་ལ་བརྟེན་ནས་བྱུང་བར་འདོད་པ་དང་། འཚོ་བའི་ངལ་རྩོལ་ལ་བརྟེན་ནས་རྩོམ་རིགས་བྱུང་བར་འདོད་པ་སོགས་འཛམ་གླིང་གི་མི་རིགས་མི་འདྲ་བ་དང་། སྤྱི་ཚོགས་མི་འདྲ་བ། རིགས་གནས་མི་འདྲ་བ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བཅས་ལ་བརྟེན་ནས་དེ་དག་ལ་ལྟ་ཚུལ་དང་འདོད་ཚུལ་མཐུན་སྣང་བ་ཡོང་དཀའ་བ་འདྲ་ཡང་། ང་ཚོས་ཡི་གེ་ཞེས་པ་དེ་ཐོག་མར་རྣམ་རྟོག་གི་རླུང་གིས་བསྐུལ་ནས་ངག་ཚིག་འབྱུང་གིན་ཡོད་པར་བཤད་པ་ལ་བསམས་ན། རྩོམ་རིག་གི་རིགས་གང་ཞིག་ཡིན་ནའང་མིའི་རྣམ་པར་རྟོག་པ་ལས་མ་འཕྲོས་པ་ཞིག་ཡོད་མི་སྲིད་པ་དང་། མིའི་རྣམ་པར་རྟོག་པ་ནི་ཆགས་པ་དང་སྡང་བ། དགའ་བ་དང་དད་པ། རྨོངས་པ་དང་ཞུམ་པ་ལ་སོགས་པའི་ཚོར་ཤུགས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཕྱི་རོལ་ཡུལ་ལ་ངོས་འཛིན་སྣ་ཚོགས་ཡོང་གིན་ཡོད་པ་སྟེ། དཔེར་ན་ཚུམ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པས་སྒྲོ་འདོགས་སྣ་ཚོགས་བྱེད་པའི་ཚུལ་ནི། རང་ཉིད་ཀྱི་ཡིད་ལ་འཐད་པ་སུ་ཞིག་གི་ཁྱད་ཆོས་བཟང་བོ་དང་ཡོན་ཏན་ཁོ་ན་ལས་ཉེས་སྐྱོན་མཐོང་མི་ཐུབ་པ་དང་། སོ་སོ་མི་འཐད་སའི་མི་ཞིག་གིས་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་གང་ཞིག་བརྩམས་ཀྱང་ཆེས་ཡིད་དུ་མི་འཐད་པ་དང་མི་སྡུག་པའི་སྣང་བ་སྤྲོད་པ་དེ་རིགས་ནི་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གི་ཤུགས་ཀྱིས་མིའི་སེམས་ཁམས་ལ་དབང་སྒྱུར་ཅི་ཙམ་བྱེད་ཀྱིན་ཡོད་མེད་དང་། དེ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་མི་དང་བྱ་དངོས་དག་གི་རིན་ཐང་དང་བཟང་ངན་ལེགས་ཉེས་ཀྱི་དབྱེ་བ་ཤན་འབྱེད་བྱེད་པ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱིན་ཡོད་པ་ནི་དེ་དག་གི་ཤེས་བྱེད་ལྟ་བུ་ཡིན་ལ། དེ་ལྟ་བུའི་ནང་གི་བསམ་བློ་གང་ཞིག་གི་ཤུགས་ཅི་ཙམ་རྒྱས་པ་དེ་ཙམ་གྱིས་སེམས་འགྱུ་སྣ་ཚོགས་པ་མངོན་དུ་འགྱུར་གྱིན་ཡོད་པ་སྟེ། ཚད་མ་རིགས་པ་(རིག་པ་)དང་། ཆོས་མངོན་པའི་གཞུང་དུ་སེམས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱི་གནས་སྐབས་ལ་གཞིགས་ཏེ་སེམས་བྱུང་ང་གཅིག་གི་དབྱེ་བ་བཀར་ཡོད་པ་དང་། དེ་དག་རྣམས་ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་བཅས་སྡེ་ཚན་དྲུག་ཏུ་བསྡུས་ནས་བསྟན་ཡོད་པ་དང་། དེ་དག་རེ་རེའི་མཚན་ཉིད་དང་ངོ་བོ། བྱེད་ལས་སོགས་བསྟན་པ་ལ་བསམ་བློ་ཞིབ་ཚགས་བཏང་ན། ང་ཚོས་སྔར་མ་མཐོང་བའི་རང་གི་སེམས་ཁམས་ངོ་འཕྲོད་ནས་འོང་ལྟ་བུ་ཞིག་ཡིན་ལ། ཕྱི་ནང་གི་རྐྱེན་གང་ཞིག་དང་འཕྲད་པའི་སྟོབས་ཀྱིས་སེམས་བྱུང་འདི་དག་གང་རུང་མངོན་དུ་འགྱུར་གྱིན་ཡོད་པ་དང་། དེ་ལ་བརྟེན་ནས་བདེ་སྡུག་གི་ཚོར་སྣང་སྣ་ཚོགས་ཤིག་ཡོང་གིན་ཡོད་ཅིང་། བདེ་སྡུག་གི་ཚོར་བ་དེ་དག་སེམས་ལ་སྐྱེས་པ་དང་། དེའི་ཤུགས་རྒྱས་པའི་རླབས་ཤུགས་ངག་ནས་གྱེར་བ་དང་། དེ་ཉིད་སྐད་གསེང་མཐོན་པོས་གླུ་རུ་ལེན་པའམ་ངུ་ངག་གི་སྒོ་ནས་བཤད་པ་སོགས་མིའི་འགྲོ་བ་བྱུང་བ་དང་སྡོངས་ནས་རྩོམ་རིག་གི་རྨང་གཞི་དེ་དག་ཀྱང་བྱུང་ཡོད་པ་ལ་ཐེ་ཚོམ་ཟ་མི་དགོས་པ་དང་། ཕྱིས་དང་ཕྱིས་སུ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཁག་ཏུ་སྐད་རིགས་བྱུང་བ་དང་། རིམ་གྱིས་སྐད་རིགས་དེ་དག་ལ་བརྟེན་ནས་ཡི་གེ་བྱུང་བའི་སྐབས་ནས་སེམས་ཀྱི་སྐྱོ་གདུང་སྨྲེང་གསུམ་དང་། དད་མོས་དང་རེ་འདུན་སོགས་ཡིག་ལམ་དུ་འབེབས་པའི་ལམ་སྲོལ་བྱུང་བ་ནས་ཡིག་ཐོག་གི་རྩོམ་རིག་བྱུང་མགོ་ཚུགས་པར་གཞག་དགོས་པར་སྣང་སྟེ། རང་ཅག་བོད་ཀྱི་ལོ་རྒྱུས་ལ་མཚོན་ནའང་གནམ་རུ་སྲོང་བཙན་ཡས་མས་ནས་རྒྱལ་བློན་ཕན་ཚུན་གྱི་བར་ལ་མགུར་གླུའི་རྣམ་པའི་ཐོག་ནས་དོན་དག་སྣ་ཚོགས་ཕར་བཤད་ཚུར་བཤད་གནང་ཡོད་པ་ལོ་རྒྱུས་ཡིག་ཚང་ཁག་གིས་ཁུངས་སྐྱེལ་བྱ་ཐུབ་པ་དང་། དེ་དང་དེའི་ཕྱིས་སུ་སྤྱི་ལོ་བརྒྱ་ཕྲག་བརྒྱད་པ་དང་དགུ་བའི་ནང་བོད་དུ་ནང་བ་སངས་རྒྱས་པའི་ཆོས་ལུགས་དར་བ་དང་སྡོངས་ནས། སྒྲ་དང་ཚད་མ་རིགས་པ། གཏན་ཚིགས་དང་མཚན་ཉིད་རིག་པ་སོགས་རིག་གནས་མང་བོ་ཞིག་དར་ཁྱབ་འབྱུང་མགོ་ཚུགས་པ་དང་། དུས་རབས་བཅུ་བ་དང་ལྷག་པར་བཅུ་གཅིག་པའི་ནང་ནས་བོད་དུ་རིག་གནས་དང་ཆོས་ལུགས་དར་ཤུགས་ཇེ་ཆེར་སོང་བ་དང་མཉམ་དུ་། མི་ལ་རས་པ་སོགས་ཀྱི་ཉམས་མགུར་རྩ་ཆེན་དེ་རིགས་བྱུང་བ་སོགས་རྩོམ་རིག་གི་རྣམ་པ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་ཡོད་པ་བཅས་ལ་བསམ་གཞིགས་ཞིབ་ཚགས་བྱ་ཐུབ་པ་ཡིན་ན། གོ་རྒྱུ་དང་ཚོར་རྒྱུ་མང་བོ་ཞིག་ཡོང་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་ཞིག་ཡིན།

དྲི་བ། བོད་དུང་། Tibet patriot 4།
ཁྱེད་ཀྱིས་བལྟས་ན་ད་ལྟའི་བོད་མི་རིགས་ཀྱི་རྩོམ་རིགས་རིག་གནས་དེ་དར་འཕེལ་གྱི་གོ་རིམ་ག་འདྲ་ཞིག་ལ་ཐོན་འདུག་གམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
ཁྱེད་ཀྱི་དྲི་བ་འདི་ལ་སྤྱི་སྡོམ་རྒྱག་ཁག་པོ་ཡིན། དེང་སང་གོ་རིམ་ཞེས་པའི་ཐ་སྙད་འདི་བོད་ཀྱི་བརྙན་རླུང་འཕྲིན་ཁག་ཏུ་བཀོལ་སྤྱོད་ཧ་ཅང་མང་བོ་བྱེད་ཀྱིན་ཡོད་པའི་ཐ་སྙད་ཅིག་ཆགས་འདུག་མོད། གོ་རིམ་ཞེས་པ་དེ་ནི་རིམ་པ་སྟོན་བྱེད་ཅིག་ཡིན་པ་ལས། ཚད་གཞི་སྟོན་བྱེད་ཅིག་མིན་ལ། ཤོག་བུ་ཨང་གྲངས་ཀྱི་གོ་རིམ་ལྟར་བཞག་པ་དང་། རྒན་གཞོན་གྱི་དབྱེ་བ་མ་འཆོལ་བར་གོ་རིམ་ལྟར་འདུག་པ། ཅ་ལག་གི་ཆེ་ཆུང་གོ་རིམ་ལྟར་བཞག་པ་ལྟ་བུ་ལ་རིམ་པའི་རྣམ་པ་སྟོན་པ་ཤས་ཆེ་ཞིང་། གནས་ཚད་སྟོན་རྒྱུ་ཤས་ཆུང་བ་ལྟ་བུར་སྣང་།
གང་ལྟར་སྐབས་འདིར་ཁྱེད་ཀྱི་ཞེ་འདོད་ལ་ཡོད་པའི་གོ་རིམ་མམ་གནས་ཚད་གཞལ་དགོས་ན། གནས་ཚད་གཞལ་བྱེད་ཀྱི་ཡོ་ཆས་ཤིག་ལ་བརྟེན་ནས་ཚད་གཞལ་དགོས་པ་ཡིན་དུས་ང་ཚོས་ཚད་ཤིང་གང་ལ་བརྟེན་ནས་ཚད་གཞལ་རྒྱུ་ཡིན་ནམ། ཆོས་ལུགས་པའི་ཚད་གཞིའམ། ཞིང་འབྲོག་གི་མི་དམངས་དཀྱུས་མའི་ཚད་གཞི། སློབ་ཆེན་སློབ་མའི་ཚད་གཞི། ཡང་ན་གཞུང་ཞབས་ལས་བྱེད་པའི་ཚད་གཞི། ཡང་ན་བོད་མིའི་མིང་འཁྱེར་བཞིན་དུ་བོད་སྐད་དང་བོད་ཡིག་མི་ཤེས་པ་ཙམ་གྱིས་མི་ཚད་པར། དེ་ལ་ཧ་ཅང་མཐོང་ཆུང་བྱེད་མཁན་ཏེ་བོད་རིགས་རྩོམ་པ་བོའི་མིང་འཁྱེར་མཁན་ཨ་ལའེ་ལྟ་བུའི་ཚད་ཤིང་གཞི་ལ་འཛིན་དགོས་པ་ཡིན་ནམ། ཚད་གཞི་ངོས་འཛིན་བྱ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།
གོང་དུ་བཤད་པ་ལྟར་བོད་ཀྱི་རྩོམ་རིག་གི་གནས་བབ་ག་འདྲ་ཞིག་ཏུ་སླེབས་ཡོད་མེད་དེ་བཤད་ཚོད་མི་ཐིག་པ་ཞིག་ཡིན་ནའང་། སྔོན་ཆད་དང་ད་ལྟ་བསྡུར་ན་རྩོམ་ཡིག་འབྲི་ཤེས་མཁན་གྱི་གྲངས་འབོར་ལ་ཁྱད་པར་བྱུང་ཡོད་པར་སྙམ། གནའ་དུས་ཤེས་ཡོན་ཡོད་མཁན་བརྒྱ་ཆའི་གོ་དགུ་ལྷག་ཆོས་ལུགས་པ་ཤ་སྟག་ཡིན་སྟབས་ཆོས་ཚིག་བློ་ལ་བཟུང་ནས་སྐྱོར་འདོན་བྱེད་པས་མི་ཚེ་རྫོགས་མཁན་མང་བོ་དང་། དེའི་དོན་ལ་བསམ་བློ་བཏང་ནས་སྒོམ་ལ་འཇུག་མཁན་དེ་ལས་ཉུང་བ་དང་། གསུང་རབ་ཀྱི་དགོངས་དོན་ལག་ལེན་དུ་བསྟར་ནས་ཁ་ཁུ་སིམ་པོའི་ངང་མི་ཚེ་སྐྱེལ་མཁན་ཉུས་ཤས་ཡོད་པ་དང་། ཁོང་ཚོའི་ཁྲོད་དུ་མདོ་སྔགས་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེས་ཉུང་ཤས་ཞིག་བྱུང་བ་དེ་དག་ནི་གནས་ཚད་ཤིན་ཏུ་མཐོ་བོ་ཡོད་པ་སྟེ། ད་ལྟའི་བོད་ཀྱི་མཁས་པའི་ཁྲོད་དུ་རྔོག་ལོ་ཡབ་སྲས་དང་། ས་སྐྱ་པཎ་ཌི་ཏ། ཀློང་ཆེན་རབ་བྱམས་པ། བུ་སྟོན་རིན་ཆེན་གྲུབ། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་དབང་ལྔ་བ་ཆེན་མོ། ཀུན་མཁྱེན་འཇམ་དབྱངས་བཞད་པ། གུང་ཐང་བསྟན་པའི་སྒྲོན་མེ། ལྩང་སྐྱ་རོལ་བའི་རྡོ་རྗེ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ། འཇུ་མི་ཕམ་པ། རྫ་དཔལ་སྤྲུལ། ཞང་སྟོན་བསྟན་པ་རྒྱ་མཚོ། དགེ་བཤེས་ཤེས་རབ་རྒྱ་མཚོ། འཇིགས་མེད་དམ་ཆོས་རྒྱ་མཚོ། ཞྭ་དམར་དགེ་འདུན་བསྟན་འཛིན། སྟེའུ་སྟེང་བློ་བཟང་དཔལ་ལྡན། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྔོན་བྱོན་གྱི་མཁས་མཆོག་དེ་དག་ཕར་ཟད། ཉེ་རབས་བྱོན་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། མཁས་དབང་དམུ་དགེ་བསམ་གཏན་སོགས་མཁས་པ་དེ་དག་གི་གནས་ཚད་ལོངས་མཁན་གྱི་མཁས་པའང་དེང་སང་ཧ་ཅང་དཀོན་པོ་ཡིན།
འོན་ཀྱང་རྩོམ་རིག་གཅིག་རང་གཞི་ལ་བཞག་ནས་བཤད་ན། བརྩམས་སྒྲུང་འབྲི་མཁན་བཀྲ་ཤིས་དཔལ་ལྡན་དང་། ཚེ་རིང་དོན་གྲུབ་ལྟ་བུ་སྔོན་ཆད་བོད་ཀྱི་རྩོམ་རིག་གི་བྱུང་རབས་ཁྲོད་བྱུང་མྱོང་མེད་པ་དང་། རང་མོས་སྙན་ངག་འབྲི་མཁན་ལྗང་བུ་དང་གཅན་མེ་སྟག་ལྟ་བུ། ལྷུག་རྩོམ་འབྲི་མཁན་ལྷ་བྱམས་རྒྱལ་ལྟ་བུ་སོགས་རིགས་གཅིག་རྐང་འཛིན་པའི་གཞོན་སྐྱེས་རྩོམ་པ་བོ་མི་ཉུང་བ་ཞིག་བྱོན་དང་འབྱོན་བཞིན་ཡོད་པ་དེ་ཚོ་སྔར་ལས་ཞིབ་ཆ་ཆེ་ཞིང་། སྔར་ལས་གཟབ་ནན་ཆེ་བ། སྔར་བས་དཔྱད་ཡིག་གི་ཁྱབ་ཁོངས་ཡངས་པ། སྔར་བས་རྒྱལ་སྤྱིའི་གནས་བབ་ལ་སྙོག་བཞིན་ཡོད་པ་སོགས་དགེ་མཚན་མི་དམན་པ་འབྱུང་གིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་བོད་ཀྱི་རིག་གནས་གང་ཞིག་གི་ཚད་ཐིག་སྔོན་ཆད་འདི་འདྲ་ན་ཡོད་པ་དང་། ད་ལྟ་དེ་འདྲ་ཡོད་མེད་ཀྱི་ཚད་འཛིན་རྒྱུ་ཞིག་ཧ་ལམ་གཞག་དཀའ་བར་སྣང་།
ཀོ་རེ་ཡ་ལྷོ་མ་ལྟ་བུ་ལ་ཆ་བཞག་ན་རྒྱལ་ཡོངས་ཀྱི་མི་འབོར་ཡ་ས་ལྔ་བཅུ་ང་གཅིག་ལྷག་ཡོད་པ་ཆ་སྙོམས་བྱས་པའི་ཤེས་ཡོན་གྱི་གནས་ཚད་ནི། མི་ཚང་མ་ལ་སློབ་ཆེན་གྱི་ཤེས་ཚད་ཡོད་པ་དེ་ཡིན་ཤིང་། ཁོང་ཚོས་འཚོ་བ་དངོས་མཚོན་བྱེད་ཀྱི་མུ་འབྲེལ་གློག་བརྙན་བཟོས་ཏེ་འཛམ་གླིང་མི་དམངས་ལ་བཟི་སྨན་སྤྲད་པ་ལྟ་བུའི་ནུས་པ་ཐོན་གྱིན་ཡོད་པ་སོགས་ལ་བསམས་ན། ཁོང་ཚོའི་ཤེས་རིག་དང་སྒྱུ་རྩལ་གྱི་གནས་བབ་ཚད་གཞལ་རྒྱུར་དཀའ་ངལ་དེ་ཙམ་མེད་པ་ཡིན་མོད། རང་ཅག་ལ་དེ་ལྟ་བུའི་རྩོམ་རིག་གི་གནས་བབ་ཚད་གཞལ་རྒྱུ་དེ་ནི་གཞི་འཛིན་ས་མེད་པའི་དོན་དག་ཅིག་ཡིན་ནམ་སྙམ།

དྲི་བ། བོད་དུང་། Tibet patriot 5
བོད་ཡིག་གི་བཀོལ་སྤྱོད་ཚད་ཇེ་མཐོར་སོང་ན་དེས་བོད་མི་རིགས་ལ་ཕན་པ་ཅི་ཞིག་བསྐྲུན་གྱིན་ཡོད་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
མི་རིགས་ཤིག་ལ་མཚོན་ན་རང་གི་ཕ་སྐད་མ་སྐད་དེ་ནི་རང་གི་ཟུངས་ཁྲག་དང་མཉམ་དུ་བཞུར་ནས་ཡོང་བ་ཞིག་ཡིན་ལ། རང་ཉིད་མི་རིགས་གཞན་པ་དང་མ་འདྲེས་པར་འབྱེད་བྱེད་ཀྱི་མཚོན་རྟགས་ངོ་མ་ཡང་དེ་ཡིན་ལ། རང་ཉིད་རིགས་གང་ལ་གཏོགས་པའི་ངོ་བོ་འཛིན་བྱེད་གསལ་ཤོས་དེ་ཡང་དེ་ཡིན་ཞིང་། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ངོ་བོ་འཛིན་བྱེད་ཀྱང་རང་གི་ཨ་མས་གནང་བའི་སྐད་ཡིག་དེ་ཉིད་ཡིན་པས། དེ་ལ་ཕན་ཐོགས་ཡོད་མེད་ཀྱི་དབྱེ་གསེས་བྱ་རྒྱུ་མེད་པར་རང་གི་མི་ཚེ་འདིར་རང་གི་ངོ་བོ་གཞན་ལ་བསྒྱུར་དུ་མེད་པའི་རང་བྱུང་ལྷན་སྐྱེས་ཀྱི་རྟགས་ཐེལ་དེ་ཡིན།
རྒྱུ་མཚན་དེ་འདྲའི་དབང་གིས་རང་གི་སྐད་ཡིག་ཤེས་ན་ཕན་ཐོགས་ཡོད་མེད་ཟེར་བའི་དོགས་དྲི་འདི་ནི་དོགས་འདྲི་ཆགས་མི་འོས་པའི་དོགས་འདྲི་ཞིག་ཡིན་མོད། ཆོས་དང་ཆོས་མིན་མཉམ་བསྲེས་བྱས་པའི་མིག་ཤེལ་གྱི་འོག་ནས་འཇིག་རྟེན་ལ་ལྟ་བའི་རང་ཅག་གི་བྱེད་བབ་དེ་དག་ལ་སུ་ཞིག་གིས་ཚད་གཟུང་བར་ནུས།
ངའི་སེམས་ལ་དྲན་ཚོད་བྱས་ན། སྔར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གིས་བོད་མི་རྣམས་ཀྱི་མཚང་ལ་རྒོལ་བའི་བཀའ་སློབ་ཅིག་བསྩལ་བའི་ཚིག་ཟིན་ཇི་བཞིན་ཡིད་ལ་མི་དྲན་ཡང་། དགོངས་དོན་རོབ་བསྡུས་བྱས་ན། ཁྱེད་ཚོ་བོད་མི་ཁག་ཅིག་གིས་བོད་སྐད་མི་བཤད་ཁུལ་བྱས་ནས་རྒྱ་སྐད་བཤད། ཁྱེད་ཀྱིས་བོད་སྐད་གཡུགས་ནས་རྒྱ་སྐད་བཤད་ཆོག་ཀྱང་། ཁྱེད་ཀྱི་བོད་མིའི་ཤ་ཁྲག་གི་ཕུང་བོ་འདི་གང་ལ་གཡུག་རྒྱུ་ཡིན་ནམ། ཞེས་པ་ལྟ་བུ་ཞིག་གསུངས་པ་དྲན་གྱིན་འདུག མཁས་བླུན་སུ་ཞིག་གིས་ཀྱང་སྒུལ་དུ་མེད་པའི་སྤྱི་སྡོམ་ཆེན་པོ་དེ་འདྲའི་ཐོག་ནས་བསམས་ན་ད་བཟོད་མི་རིགས་རང་གི་སྐད་ཡིག་ལ་ངོས་འཛིན་གསར་བ་འཐོབ་པའི་རེ་བ་ཡོད་དམ་སྙམ།
ལར་ནས་ང་ཚོས་མི་རིགས་སུ་འབོད་པ་དེ་ཡང་ངོས་འཛིན་བྱེད་པའི་གཞི་འཛིན་ས་ནི། ཐུན་མོང་གི་སྐད་ཡིག་ཡོད་པ་དང་། རྒྱ་མཚོ་དང་ཡུལ་ཁམས་གཞན་གྱིས་བར་མ་ཆོད་པའི་ས་གཞི་ཡུག་ཅིག་གི་སྟེང་ལ་འཚོ་གནས་བྱེད་པ་སྟེ་ཐུན་མོང་གི་ཁོར་ཡུག་ཡོད་པ། ཐུན་མོང་གི་དཔལ་འབྱོར་གྱི་འཚོ་བ་ཡོད་པ། ཐུན་མོང་གི་རིག་གནས་ཡོད་ཅིང་། དེ་ལ་བརྟེན་ནས་མི་རིགས་ཧྲིལ་བོར་ཐུན་མོང་གི་འདུ་ཤེས་འཛིན་སྟངས་གཅིག་གྱུར་པ་ཡོད་པའི་ཁྱད་ཆོས་དེ་དག་མི་རིགས་ཀྱི་འཇོག་བྱེད་ལྟ་བུ་ཡིན་པས། ཤ་དང་ཁྲག་གི་སྒོ་ནས་མི་རིགས་ཤིག་དགར་དགོས་ན་བོད་རིགས་གནས་སྡོད་བྱེད་པའི་གྲོང་ཚོ་གཅིག་གི་ནང་ལོགས་ནའང་མི་རིགས་སྣ་ཚོགས་ཀྱི་ཁྲག་རྒྱུད་འདྲེས་ཡོད་པར་ཆ་བཞག་ན་ཐལ་ཆར་མི་འགྲོ་བ་དང་། ཐ་ན་ཁྱིམ་ཚང་གཅིག་གི་ནང་དུ་ཤ་རུས་ཁྲག་རྒྱུད་གང་ཞིག་འདྲེས་ནས་ཡོད་པ་ཚན་རིག་གི་བརྟག་ཐབས་ལ་གཞལ་ན་དཔྱད་འབྲས་ཁྱད་མཚར་ཐོན་སྲིད་པ་ཡིན་མོད། འཇར་མན་མི་རིགས་སུ་རློམ་པ་མི་རེ་ངོ་རེ་བྱས་ནས་(DNA)བརྟགས་ན་འཇར་མན་གྱི་མིང་ཐོག་ཚད་ཀྱི་ཁྲག་རྒྱུད་གཅིག་མཚུངས་ཡིན་མི་སྲིད་ལ། རང་ཉིད་རྒྱ་རིགས་སུ་རློམ་པའི་མི་ཡིན་ནོ་ཅོག་གི་ཤ་རུས་ཁྲག་རྒྱུད་ལ་བརྟགས་ནའང་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པ་དེ་དག་ཐམས་ཅད་ཀྱི་རྒྱུད་པ་གཅིག་ཡིན་ག་ལ་སྲིད།
དེས་ན་མི་རིགས་མི་རིགས་ཞེས་པའི་འཇོག་བྱེད་ཐམས་ཅད་ལས་སྐད་ཡིག་གཉིས་པོ་དེ་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བ་ཡིན། དཔེར་ན་དེང་སང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་བའི་ཨེ་ཤ་ཡའི་མི་རིགས་སུ་ཞིག་ཡིན་ཀྱང་། ཕྱིའི་གཟུགས་དབྱིབས་ཀྱི་རྣམ་པ་མི་རིགས་དཀར་བོ་དང་ནག་པོ་ཚོ་དང་མི་འདྲ་བ་ཙམ་ལས། ཁོང་ཚོའི་བསམ་བློ་གཏོང་སྟངས་དང་། སྐད་ཆ་བཤད་སྟངས། ཕ་མ་དང་གྲོགས་པོ་ཚོའི་བར་ལ་འབྲེལ་བ་གཞག་སྟངས་སོགས་ཡོད་ཚད་རང་རང་གི་ཕ་མ་ཡོང་སའི་ཡུལ་ལུང་དེ་དག་གི་གཤིས་ཀ་ལྷག་མེད་པ་དེས་ང་ཚོས་བཤད་བཞིན་པའི་གནད་དོན་འདི་སྟོན་གྱིན་ཡོད། ད་དུང་དཔེར་ན། ཆུང་དུས་སོག་པོ་དང་རྒྱ་ཡུལ་ནས་བོད་ཀྱི་དགོན་པར་སློབ་གཉེར་ལ་ཡོང་ནས་བོད་ཀྱི་ཆོས་དང་རིག་གནས་ལ་སློབ་གཉེར་བྱས་ནས་འཚར་ལོངས་བྱུང་མཁན་དག་གི་རིགས་དང་རུས་ཀྱི་ཐོག་ནས་བོད་མི་ལ་གཞག་མི་ཐུབ་ཀྱང་། ཁོང་ཚོ་ཕལ་ཆེར་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་བོད་མི་དང་གཉིས་སུ་མ་མཆིས་པ་ལྟ་བུ་ཡིན་ལ། ཁོང་ཚོ་སུ་ཞིག་གིས་ཁྱིམ་ཐབ་བཟུང་ནས་རིགས་རྒྱུད་སྤེལ་བའི་དབང་དུ་བཏང་ན། ཁོང་ཚོའི་གི་ཕྲུ་གུ་དེ་དག་ངང་ངམ་ཤུགས་ཀྱིས་བོད་མི་ཆགས་རྒྱུ་ཡིན་པ་བཅས་ཀྱི་དཔེ་མཚོན་ག་ས་གང་ནས་རྙེད་ཐུབ་པ་ཡིན་པས། སྐད་ཡིག་དང་རིག་གནས་ཀྱི་ནུས་པ་ལ་བརྟེན་ནས་སེམས་ཁོངས་སུ་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་འགྲུབ་རྒྱུ་ཡིན་པ་སྟེ། མི་དེས་ཆོས་ལུགས་ལ་འཛིན་པའི་འདུ་ཤེས་དང་། རྩོམ་རིག་ལ་འཛིན་པའི་འདུ་ཤེས། ལོ་རྒྱུས་ལ་འཛིན་པའི་འདུ་ཤེས། མི་ཚེ་དང་འཚོ་གནས་ལ་འཛིན་པའི་འདུ་ཤེས། ཐ་ན་དགའ་ཉེ་སྤུན་མཆེད་ཀྱི་འབྲེལ་ལམ་ནས་བཟུང་སྟེ་མི་ཞིག་སྐྱེས་པ་ནས་འཆི་བའི་བར་གྱི་བྱ་བྱེད་འདུ་འགོད་ཐམས་ཅད་ལ་གཞན་གྱིས་བསུབ་ཏུ་མེད་པའི་འདུ་ཤེས་འཛིན་སྟངས་ཤིག་ཆགས་རྒྱུ་ཡིན་པ་དེ་དག་ཡོད་ཚད་ཀྱི་རྩ་བ་ནི། ཕན་ཚུན་གྱི་བར་ལ་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཡིག་གི་ནུས་པ་ལ་བརྟེན་ནས་ཡོང་གིན་ཡོད་པས། སྐད་ཡིག་གང་ཞིག་ཤེས་ན་ད་ལྟ་སྒོར་མོ་རག་མིན་དང་། མ་འོངས་པ་ན་ཁེ་ཕན་རག་མིན་ཁོ་ནའི་རྗེས་སུ་སྙེག་དགོས་ན། རང་གི་སེམས་ནང་ན་ཡོད་པའི་མི་རིགས་ཀྱི་འདུ་ཤེས་སོགས་རྦད་དེ་མེད་པར་བཟོ་བ་དང་། ཐ་ན་རང་རང་མི་ཡིན་པའི་འདུ་ཤེས་ཀྱང་རྩ་ནས་མེད་པར་བཟོས་ཏེ། རང་ཉིད་ཟས་སྙིགས་འཐག་འཇིབ་བྱེད་པའི་འཕྲུལ་ཆས་ལྟ་བུར་ངོས་འཛིན་བྱས་ན། ད་གཟོད་རང་གི་སྐད་ཡིག་དེ་ཡོད་དགོས་དོན་གང་ཡང་མེད་པ་དངོས་ཡོད་གནས་ཚུལ་ཡིན།
མི་རིགས་ཤིག་གི་སྐད་ཡིག་གི་གནས་ཚད་ཇེ་མཐོར་སོང་ན་མི་རིགས་དེ་ལ་ཕན་པ་གང་ཞིག་ཡོད་དམ་ཟེར་ན། དེ་ལ་གནས་སྐབས་རང་བཞིན་གྱི་ཁེ་ཕན་དང་ཕུགས་རྒྱང་རིང་བོའི་ཁེ་ཕན་བཅས་སྣ་ཚོགས་ཤིག་ཡོང་རྒྱུ་ཡིན་ཏེ། མི་རིགས་ཤིག་གི་སྐད་ཡིག་གནས་ཚད་ཅི་ཙམ་ཡར་རྒྱས་སུ་སོང་ན་བརྡ་སྤྲོད་ཀྱི་ནུས་པ་ཇེ་དམ་དང་ཇེ་ཆེར་འགྲོ་རྒྱུ་ཡིན་ལ། བརྡ་སྤྲོད་ཀྱི་ནུས་པ་ཅི་ཙམ་བཟང་བ་དེ་ཙམ་གྱིས་རྩོམ་རིག་དང་མཚན་ཉིད་རིག་པ། གཏན་ཚིགས་རིག་པ་སོགས་རིག་གནས་གང་ཞིག་ལ་འཆད་རྩོད་རྩོམ་གསུམ་བྱས་ན་ཚགས་དམ་ཞིང་ཞིབ་ཆ་ཇེ་བཟང་དུ་འགྲོ་རྒྱུ་ཐག་བཅད་ཆོག་པ་ཡིན་སྟབས། མི་ཕན་ཚུན་གྱི་བར་ལ་གོ་བརྡ་ཡག་པོ་སྤྲོད་ཐུབ་པ་དང་། གོ་བརྡ་ནུས་ལྡན་དུ་སྤྲོད་ཐུབ་པ། གོ་བརྡ་ཟབ་མོ་སྤྲོད་ཐུབ་པ་དང་། ཡིད་འགུག་ནུས་པ་དང་བཅས་པའི་གོ་བརྡ་སྤྲོད་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད་པ་དེ་དག་ནི། གནས་སྐབས་ཀྱི་དགོས་པའམ་ཉིན་རེའི་འཚོ་གནས་དང་འབྲེལ་བའི་ཁེ་ཕན་ཡིན།
ཡང་དཔེར་ན་སྤྱི་ལོའི་དུས་རབས་བརྒྱད་པ་དང་དགུ་བའི་ནང་ནས་རྒྱ་གར་གྱི་བཀའ་བསྟན་གཉིས་བོད་སྒྱུར་བྱེད་པའི་གཞུང་འབྲེལ་གྱི་ལས་གྲྭ་བཙུགས་ཏེ་གསུང་རབ་དང་རིག་གནས་པོད་གྲངས་སུམ་བརྒྱ་ལྷག་བོད་བསྒྱུར་བྱས་པ་དེས་བོད་ལ་རིག་གནས་སྣ་ཚོགས་ཤིག་དར་བའི་སྒོ་ཆེན་ཕྱེས་པ་ཙམ་མིན་པར། བོད་ཀྱི་སྐད་ཡིག་གཉིས་ཆའང་གདོད་མའི་ཡུལ་སྐད་ནས་གསུང་རབ་དང་རྩོམ་རིག་གི་ཐ་སྙད་ཤས་ཆེ་བ་ཅན་དུ་འགྱུར་མགོ་ཚུགས་པ་དང་། དེའི་ནུས་ཤུགས་ལ་བརྟེན་ནས་བོད་ལ་བསྟན་བཅོས་རྩོམ་མཁན་གྱི་མཁས་པ་མང་བོ་བྱུང་བ་དང་། ཕྱིས་སུ་སྤྱི་ལོ་བརྒྱ་ཕྲག་བཅུ་བཞི་བར་བྱོན་པའི་རྗེ་ཙོང་ཁ་བའི་གསུང་དྲང་ངེས་ལེགས་བཤད་སྙིང་བོ་ཕར་རྒྱ་གར་གྱི་སྐད་ཡིག་ཏུ་ཕབ་བསྒྱུར་བྱས་པ་ལ་རྒྱ་གར་ལེགས་སྦྱར་ལ་བྱང་བའི་མཁས་པའི་ཁྲོད་ན་སྔར་གྱི་ན་ལནྡྲའི་པཎ་གྲུབ་དག་གི་བརྩམས་ཆོས་ལས་སྤུས་ཀ་ཆེས་དག་ཤོས་ཀྱི་གོ་གནས་ཟིན་འདུག་པའི་བསྔགས་བརྗོད་བྱེད་མཁན་བྱུང་ཡོད་པ་དེ་ཡང་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་སོང་བའི་ནུས་པ་དང་ཁེ་ཕན་ཡིན་ལ། ད་ལྟ་འཛམ་གླིང་འདིའི་སྟེང་གི་བོད་མི་མ་ཡིན་པའི་ནང་ན་བོད་ཀྱི་ཆོས་དང་རིག་གནས་ལ་དོ་སྣང་བྱེད་མཁན་ས་ཡ་བཅུ་གཉིས་ལྷག་ཡོད་པར་བཤད་པ་དེ་ཚོ་ཡང་རང་ཅག་གི་སྐད་ཡིག་ཏུ་བཞུགས་པའི་རིག་གནས་ཀྱིས་ཡིད་དབང་འཕྲོགས་ནས་དེ་ལ་འཛུལ་ཞུགས་བྱས་པ་ཞིག་མ་ཡིན་ནམ།
ད་དུང་དེང་སང་འཛམ་གླིང་ན་ཆོས་ལུགས་པ་མ་ཡིན་པའི་བོད་རིག་པ་བར་གྲགས་པའི་མཁས་པ་བརྒྱ་ཕྲག་མང་བོས་བོད་ཀྱི་རིག་གནས་ཉམས་ཞིབ་ལ་བརྟེན་ནས་འབུམ་རམས་པ་དང་སློབ་དཔོན་ཆེན་མོ། ཞིབ་འཇུག་པ་སོགས་ཀྱི་གོ་གནས་དང་ཐོབ་ཐང་བླངས་ནས་མི་ཚེ་སྐྱེལ་བཞིན་ཡོད་པ་དང་། གནས་བབ་དེ་དག་དང་འབྲེལ་ཏེ་བོད་མིའི་བསམ་བློ་དང་གཤིས་སྤྱོད། ལེགས་བྱང་བཅས་འཛམ་གླིང་ཡོངས་ལ་ཁྱབ་པ་གདལ་དུ་འགྲོ་བཞིན་ཡོད་པ་ཙམ་ཡང་མིན་པར། དེ་ལ་འཛམ་གླིང་ཐོག་ཚད་མཐོའི་ངོས་འཛིན་ཐོབ་ཀྱིན་ཡོད་པ་དེ་ཚོ་ལ་བསམ་བློ་ཡག་པོ་ཞིག་གཏོང་ཐུབ་པ་ཡིན་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་སོང་ན་ཁེ་ཕན་ཅི་ཞིག་ཡོད་མེད་ལ་འགྲེལ་བཤད་རིང་བོ་ག་ལ་དགོས་སྙམ་མོ།།

དྲི་བ། བོད་དུང་། Tibet patriot 6
དེང་སྐབས་སློབ་ཆེན་སློབ་མ་ཚོའི་ཁྲོད་ན་བོད་ཡིག་བཀོལ་མཁན་ནི་ངོ་མ་ཤིན་ཏུ་ཉུང་ཉུང་རེད་ལ་གནས་སྟངས་དེས་བོད་སྐད་ཡིག་གི་འབྲེལ་ལམ་ལ་རྨ་ཁ་ཟབ་ཚད་ཅི་འདྲ་ཞིག་བཟོས་ཡོད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
སྤྱིར་བཏང་གི་ངོས་ནས་བཤད་ན་གནས་བབ་དེས་གང་ཞིག་ལ་རྨ་ཁ་བཟོས་ཡོད་མེད་དང་། རྨ་ཁ་ཟབ་ཚད་ཅི་ཙམ་བཟོས་ཡོད་མེད་སོགས་ཀྱང་གོང་དུ་བཤད་པ་བཞིན་ཚད་གཞལ་བྱེད་ཅིག་དགོས་ཀྱི་ཡོད་ལ། དེ་ལ་བརྟེན་ནས་རྨ་ཁ་སོར་གང་བཟོས་འདུག་དམ། ཡང་ན་མཐོ་གང་བཟོས་འདུག ཡང་ན་ཁྲི་གང་བཟོས་འདུག་ཟེར་བ་ལྟ་བུ་ཞིག་དགོས་རྒྱུ་ལ་ང་ཚོས་དེའི་ཟབ་ཚད་བཤད་མི་ཐུབ། ཁྱེད་ཀྱིས་བཤད་བཞིན་པའི་རྒྱ་བོད་སྐད་རིགས་གཉིས་ཆ་ལ་བྱང་བའི་གཞོན་སྐྱེས་ཚོས་རྒྱ་སྐད་མང་ཤོས་བཤད། རྒྱ་ཡིག་མང་ཤོས་བཀོལ་སྤྱོད་བྱེད་པ་དེ་རྒྱུ་གཅིག་དང་རྐྱེན་གཅིག་གིས་བསྐྱེད་པའི་འབྲས་བུ་ཞིག་ཡིན་མི་སྲིད།
མི་སུ་ཞིག་གིས་སྐད་རིགས་གང་ཞིག་ལ་སྦྱངས་ནས་བྱང་ཆ་ཐོན་ན། དེ་ཉིད་བེད་སྤྱོད་གཏོང་བ་དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། དཔེར་ན་རྒྱ་གར་ལྟ་བུ་ལ་མཚོན་ན་མཐོ་རིམ་གྱི་ཁྱིམ་ཚང་ཕལ་མོ་ཆེ་དང་། དེང་རབས་ཤེས་ཡོན་གྱི་གནས་ཚད་མཐོ་བོ་ཡོད་པའི་ཁྱིམ་ཚང་ཕལ་མོ་ཆེའི་ནང་དུ་དབྱིན་སྐད་ཁོ་ན་བཀོལ་སྤྱོད་བྱེད་པ་དང་། དབྱིན་ཡིག་ལྟ་ཀློག་འབྲིི་གསུམ་ཁོ་ན་བྱེད་པ་དེ་ཁོང་ཚོའི་འཚོ་བའི་ནང་གི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། ད་དུང་ཡ་མཚན་པ་ཞིག་ལ། རྒྱ་གར་གྱི་སྤྱི་འཐུས་གྲོས་ཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐད་ཡིག་ཨང་དང་བོ་དེ་དབྱིན་ཡིག་ཡིན་ལ། དེ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཞིག་ཀྱང་ཡིན། དེ་བཞིན་དུ་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་ཁང་བྷོ་ལིས་ཝོའུ་ཌི་(Bollywood)མཛད་སྒོ་དང་དུས་སྟོན་ཆེན་པོ་གང་ཞིག་ཡིན་ཀྱང་། དེ་ལ་མགོ་འཛིན་བྱེད་མཁན་དག་གིས་དབྱིན་ཡིག་དབྱིན་སྐད་གཙོ་བོར་བྱེད་ཀྱིན་ཡོད་པ་ང་ཚོ་ཚང་མས་མཐོང་གསལ་ཡིན།
ད་དུང་དཔེར་ན་ཨ་རིའི་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་རྒྱ་རིགས་དབྱིན་སྐད་སྐད་ཡིག་དང་བོ་ཡིན་མཁན་ཚོ་བཤད་ཅི་ལ་དགོས་ཀྱང་། དབྱིན་ཡིག་གི་བྱང་ཚད་དེ་ཙམ་མི་བཟང་བའི་རྒྱ་མི་མང་ཤོས་ཀྱིས་ཀྱང་ཁོང་ཚོའི་ནང་མི་དང་གྲོགས་པོ་ཕན་ཚུན་གྱི་བར་ལ་དབྱིན་སྐད་བཀོལ་སྤྱོད་ཤུགས་ཆེན་བྱེད་པའི་ལམ་སྲོལ་ལྟ་བུ་ཞིག་ཆགས་ནས་འདུག
འོན་ཀྱང་དེ་དག་ང་ཚོ་དང་ཆེས་མི་འདྲ་བའི་གནས་སྟངས་སྟོབས་ཆེན་ཞིག་ཡོད་པ་ནི། རྒྱ་གར་ལ་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པ་དང་། རྒྱ་ནག་ལ་མིི་གྲངས་དུང་ཕྱུར་བཅུ་བཞི་ཡས་མས་ཡོད་པར་གྲགས་པས། དཔེར་ན་ཁོང་ཚོའི་ནང་གི་མི་གྲངས་ས་ཡ་ལྔ་བརྒྱས་རང་གི་སྐད་ཡིག་བཀོལ་སྤྱོད་གཏན་ནས་མི་བྱེད་པའི་དབང་དུ་བཏང་ཡང་། ད་དུང་དེའི་ཤུལ་ན་མི་གྲངས་ས་ཡ་བརྒྱ་སྟོང་ཕྲག་ལས་བརྒལ་བ་ཡོད་པས། ཁོང་ཚོའི་སྐད་ཡིག་འཇིག་འགྲོ་བའི་གོ་སྐབས་ནམ་ཡང་མེད་པ་དེ་ཡིན།
འཛམ་གླིང་འདིའི་སྟེང་གི་བོད་མི་ཡོད་དོ་ཅོག་བསྡོམས་ནས་བརྩིས་ཀྱང་རྒྱ་གར་ནག་གི་གྲོང་ཁྱེར་ཆེ་ཁག་ཅིག་ཕར་ཟད། འབྲིང་ཁག་ཅིག་གི་མི་འབོར་ལའང་བསྡུར་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་སྟབས། རང་ཅག་གི་སྐད་དང་ཡི་གེ་གཉིས་ནི་འཇིག་པའི་སོ་ན་གནས་བཞིན་པའི་སྐད་ཡིག་ཉེན་ཚབས་ཅན་གྱི་ཁོངས་སུ་ཚུད་ནས་ཡོད་པ་སྟེ། ཞིང་འབྲོག་ས་ཁུལ་གྱི་བོད་སྐད་གཅིག་རང་བཤད་ནས་སྡོད་མཁན་གྱི་མི་རབས་དེ་དག་རྫོགས་ནས་ཡོང་སྐབས། བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་མཁན་ལྡབ་དང་ལྡབ་བྱས་ནས་མར་ཆག་རྒྱུ་ལ་ང་ཚོ་སུས་ཀྱང་ལུང་བསྟན་བརྒྱབ་ཆོག་པ་ཞིག་ཡིན།
སློབ་ཆེན་འགྲིམས་དང་འགྲིམ་བཞིན་ཡོད་པའི་བོད་མི་ན་གཞོན་དེ་དག་གིས་རྒྱ་ཡིག་དང་རྒྱ་སྐད་ལ་དང་དོད་དང་དོ་སྣང་བྱེད་པ་ལས་བོད་ཡིག་དང་བོད་སྐད་ལ་དོ་སྣང་མི་བྱེད་པ་དེ་ནི་མི་རིགས་ཉམ་ཆུང་ཞིག་དང་དེའི་རིག་གནས་ཀྱི་ངོས་ཐད་ནས་བལྟས་ན་ཆག་སྒོ་གསབ་ཐབས་མེད་པ་ཞིག་ཡིན། འོན་ཀྱང་སློབ་གྲྭའི་སློབ་གསོའི་དབང་དུ་བཏང་བའི་སྐད་ཡིག་སློབ་ཁྲིད་དེ་ནི་རྒྱལ་ཁབ་ལ་དབང་བ་ཞིག་ཡིན་པས། ང་ཚོའི་ཕྲུ་གུའི་ཕ་མ་ཚོས་རིན་བྱིན་ཏེ་ན་གཞོན་ཚོ་རྒྱ་ཡིག་རྒྱ་སྐད་བསླབ་སའི་སློབ་གྲྭ་ལ་བསྐྱལ། ཕྲུ་གུ་ཚོས་ཕ་མའི་རེ་བ་བཞིན་རྒྱ་ཡིག་དང་རྒྱ་སྐད་ལ་སྦྱངས། ཕ་མའི་རེ་བ་ཇི་བཞིན་ཕྲུ་གུའི་སྦྱངས་འབྲས་མངོན་ཏེ་རྒྱ་སྐད་བཤད་ཅིང་རྒྱ་ཡིག་བྲིས་ནས་ཡོང་སྐབས། ཕ་མ་དང་ཉེ་འབྲེལ། དེ་བཞིན་གྲོང་སྡེ་དང་ཁྱིམ་མཚེ་ཁག་གི་བསམ་བློ་ལ་འགྱུར་བ་ཐེབས་ཏེ། རང་གི་བྱིས་པས་བོད་སྐད་མི་བཤད་པ་དང་། བོད་ཡིག་མི་འབྲི་བར་སེམས་ཁྲལ་བྱེད་པ་དང་འཁང་ར་བྱེད་པ། དེ་ལ་སྡུག་ཡུས་བགྲངས་པ་དེ་ནི་ཕ་མ་དང་ཁྱིམ་ཚང་གིས་ཟོག་ལུག་བཙོང་བའི་རིན་འབབ་དང་། གླ་གཡོག་ལ་རྒྱུག་པའི་ངལ་འབྲས་འབོར་ཆེན་གྱི་འགྲོ་གྲོན་བཏང་ནས་ཉོས་པའི་གྲུབ་འབྲས་རྨ་མེད་པ་དེ་ཡིན།
འོན་ཀྱང་གཞོན་སྐྱེས་སློབ་ཆེན་པ་ཚོས་བོད་སྐད་མི་བཤད་པ་དང་བོད་ཡིག་མི་འབྲི་བ་དེ་ངག་ནས་བསྐྱར་བཟླས་བྱས་པས་ཡོང་རྒྱུ་མེད་ཅིང་། སེམས་ལ་བསྒོམས་ནས་དགེ་བའི་ཕན་ཡོན་ཀྱང་ཡོང་དོགས་མེད། ད་འོ་ན་དེ་ལ་སྐུ་རིམ་དང་ཞབས་བརྟན་བསྒྲུབ་དགོས་པ་ཡིན་ནམ། གཤིན་རྗེའི་རང་ཐག་བསྐོར་དགོས་པ་ཡིན་ན། མར་དང་འབྲས་དོ་པོ་ཁྲི་ཕྲག་དང་སྟོང་ཕྲག་མེ་ལ་སྲེག་བཞིན་པའི་རིམ་གྲོ་དེ་རིགས་བསྒྲུབ་དགོས་པ་ཡིན་ནམ། ཡང་ན་འབྲོག་སྡེ་ཁག་གི་ཕྱུགས་ཟོག་ཡོད་ཚད་ཚེ་ཐར་ལ་བཏང་། འབྲོག་པ་རྣམས་སྤྲང་སློང་ལ་བརྟེན་ནས་འཚོ་བ་རོལ་ཏུ་བཅུག་པ་དང་། ཞིང་བ་མང་བོའི་ས་ཞིང་ཚེ་ཐར་ལ་གཏོང་དུ་བཅུག མི་དམངས་ཤི་མིན་གསོན་མིན་ངང་སྤྲང་སློང་ཉམ་ཐག་ཏུ་འགྱུར་བཞིན་པ་དེ་རིགས་བསྒྲུབས་ན་ད་གཟོད་བོད་ཀྱི་སློབ་ཆེན་སློབ་མ་ཚོས་བོད་སྐད་བཤད་ཅིང་བོད་ཡིག་འབྲི་རུ་འཇུག་ཐུབ་པ་ཡིན་ནམ། བོད་མི་སྐྱ་སེར་ཚང་མས་དགོངས་པ་བཞེས་རན་པར་སྣང་།
ངས་བསམ་བློ་ཅི་ཙམ་བཏང་ཡང་གཞོན་རབས་པ་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པ་དེའི་ནང་དུ་རྒན་རབས་པའི་བསམ་བློ་དང་ཐབས་ཇུས། ཡང་ན་རེ་བ་དང་སྨོན་པ་ཐིམ་ནས་ཡོད་པར་མཐོང་བས། གལ་སྲིད་དེ་ལ་འགྱུར་བ་གཏོང་དགོས་ན་ཆེས་ཐོག་མར་ཕ་མ་ཚོས་རང་རང་གི་ཀུན་སྤྱོད་ལ་འགན་འཁུར་བ་ནས་མགོ་འཛུགས་བྱ་དགོས་པར་འདོད་ཅིང་། བྱ་དངོས་གང་ཞིག་ལ་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་མེད་བཞིན་དུ་གསོན་གནས་བྱ་དགོས་ན་སྙིང་སྟོབས་དང་ཐབས་ཤེས་ཟུང་འབྲེལ་བྱ་དགོས་པ་སྟེ། ཨུ་ཐའི་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་ཡུལ་གྱར་གྱི་འཚོ་བར་རོལ་ནས་རང་གི་སྐད་ཡིག་དང་ཆོས་ལུགས་སྲུང་སྐྱོབ་བྱེད་ཐུབ་ནས་ཡོད་ཅིང་། ད་ལྟའི་འཛམ་གླིང་འདིའི་སྟེང་གི་དངུལ་ཁང་མ་ལག་ཡོངས་རྫོགས་ལ་སྟངས་འཛིན་བྱེད་ཀྱིན་ཡོད་པ་ཙམ་ཡང་མིན་པར། འཇིག་རྟེན་སྤྱིའི་རྡོ་རྗེ་ཕ་ལམ་གྱི་ཚོང་ར་ལ་ཧྲིལ་གྱིས་སྟངས་འཛིན་བྱེད་བཞིན་པ་དང་། ཨ་མེ་རི་ཁའི་ནང་སློབ་ཆེན་ཁག་གི་སྦྱིན་བདག་དང་སློབ་སྤྱི། སློབ་དཔོན་ཆེན་མོའི་གོ་གནས་བཟུང་སྟེ་ཨུ་ཐའི་མི་རིགས་ཀྱི་ལྟ་བ་ལངས་ཕྱོགས་དྲིལ་སྒྲོག་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་དུ་གསར་འགྱུར་བརྒྱུད་ལམ་ཁག་ཕལ་ཆེར་ལ་སྟངས་འཛིན་བྱེད་པ་དང་། འཛམ་གླིང་གི་གློག་བརྙན་བཟོ་སྐྲུན་ལྟེ་གནས་ཨང་དང་བོ་སྟེ། ཧོ་ལིས་ཝུའུ་ཌིའི་(Hollywood)སྦྱིན་བདག་དང་གློག་བརྙན་འཁྲབ་སྟོན་མཁན་མང་ཤོས་ཀྱང་ཁོང་ཚོའི་མི་རིགས་ཀྱིས་བཟུང་ནས་ཡོད་པ་སོགས་ངར་ལྕགས་ལྟ་བུའི་བསམ་བློ་དེ་འདྲ་ཡོད་ན་ལྟ་ཅི་སྨོས་ཏེ། ཀ་ཆུའི་གླ་བ་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་ལ་རྒྱ་དེ་འདྲ་ཞིག་ཡོད་ནའང་ང་ཚོའི་མི་རིགས་དང་རིག་གནས་ཉམས་ཟད་འདི་འདྲའི་ཚད་དུ་སླེབས་ག་ལ་དགོས།
ཡང་གཅིག་བཤད་ན། སྤྱི་ལོ་༢༠༡༧ ལོར་མི་གྲངས་ཞིབ་བཤེར་བྱས་པ་ལྟར་ན་ཨ་རིའི་ཉོའུ་ཡོཀ་གྲོང་ཁྱེར་དུ་རྒྱ་རིགས་མི་གྲངས་(893,697)འབུམ་ཕྲག་དགུ་མ་ཟིན་ཙམ་ཡོད་ཅིང་། ཁོང་ཚོར་འཛམ་གླིང་ཉིན་རེའི་གསར་འགྱུར་ཟེར་བ་སོགས་རྒྱ་ཡིག་གི་ཚགས་པར་ཆེན་པོ་དུ་མ་ཞིག་ཡོད་པ་དེ་དག་ཁོང་ཚོའི་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས་པའི་རིན་དངུལ་གྱིས་ཚགས་པར་ཁོ་རང་གི་ཁ་གསོ་ཐུབ་ཀྱིན་ཡོད་ནའང་། རང་ཅག་བོད་མི་ས་ཡ་དྲུག་ཡོད་པའི་སྤྱི་ཚོགས་སུ་རྩོམ་ཡིག་འབྲི་སྤེལ་བྱེད་པ་དང་། དཔེ་ཆ་རྩོམ་པ་སོགས་སྒེར་ངོས་ནས་རིག་གནས་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་གྱི་ལམ་ཁ་བདམས་ན་མི་ཚེ་འཁྱོལ་ཐུབ་ཀྱིན་མེད། དེ་ནི་གཅིག་ནས་རང་ཅག་བོད་ཀྱི་མི་གྲངས་ཉུང་བ་དང་། དེའི་ནང་ན་ཡིག་རྨོངས་པ་ཧ་ཅང་མང་བོ་ཡོད་པ། བོད་མི་མང་ཤོས་ལ་དཔེ་ཆ་ལྟ་ཀློག་བྱེད་པའི་གོམས་གཤིས་འཇགས་མེད་པ། ཤོ་རྒྱན་བཙུགས་ནས་མཚན་མོ་རེར་སྒོར་མོ་ཁྲི་ཁྲག་དང་འབུམ་ཕྲག་གཞན་ལ་ཤོར་ཀྱང་འགྱོད་གདུང་དེ་ཙམ་མི་བྱེད་པ་དང་། རིག་གནས་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་དངུལ་དངོས་གཏོང་རྒྱུར་སེར་སྣ་ཆེ་བ་སོགས་ཀྱི་སྐྱོན་གནས་སྣ་ཚོགས་ཤིག་སོ་ན་གནས་པའི་དབང་གིས་ཡིན་མོད། ད་དུང་དེ་བས་ཀྱང་སྐྱོན་གནས་ཆེན་པོ་ཞིག་ཡོད་པ་ནི་དཔེ་ཆ་གསར་བ་ཞིག་ཁྲོམ་རར་ཐོན་པའི་ཉིན་མོ་ནས་གཞན་གྱིས་བརྐུས་འཁྱེར་བྱས་ཏེ་བསྐྱར་དཔར་བྱེད་པའི་ལུགས་སྲོལ་ངན་པ་འབྱམས་བརྡལ་དུ་ཁྱབ་པ་དེས་རིག་གནས་ཀྱི་ལས་ཀ་བྱེད་མཁན་གྱི་འཚོ་རྟེན་འཕྲོག་གིན་ཡོད་པ་དང་། རྩོམ་པ་བོ་རྣམས་ཀྱི་རྣམ་དཔྱོད་ཀྱི་ཐོན་རྫས་བོད་མི་གཞན་གྱིས་རྐུ་འཁྱེར་ཁོ་ན་བྱས་པའི་སྟབས་ཀྱིས། གཞུང་གི་ལས་ཀ་མེད་མཁན་གྱི་རང་དབང་གི་རྩོམ་པ་བོ་དང་། བླ་སྤྲུལ་དང་རྒྱ་བླ་མ་ཡིན་པའི་དཔལ་འབྱོར་གྱི་ཡོངས་ཁུངས་མེད་པའི་རྩོམ་པ་བོ་མང་ཤོས་ཤིག་གིས་རང་ཁ་མི་སོས་པའི་དཀའ་ངལ་འཕྲད་ཀྱིན་ཡོད་ལ། ལག་ཏུ་ཕྲེང་བ་འཛིན་ཅིང་ཁ་ནས་མ་ཎི་འདོན་པ་དང་། ལྷ་ལ་གསོལ་བ་འདེབས་ཤིང་བླ་མའི་ཕྱག་དབང་ཞུ་མཁན་གྱི་སྐྱ་སེར་དབྱེར་མེད་དེ་རིགས་རྐུ་འཁྱེར་འཕྲོག་གསུམ་ལ་གོམས་པའི་དབང་གིས། འཆད་འཁྲིད་པ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོས་ཀྱང་ཁོང་གི་དཔེ་དེབ་གསར་བ་རྐུ་བཤུ་མི་བྱེད་པའི་རེ་འདུན་ནན་མོ་བཏོན་པ་དྲ་ལམ་དུ་སྤེལ་བ་དང་། གཞས་པ་ཚོས་ཁོང་ཚོའི་བརྩམས་ཆོས་ཚོང་རར་བཀྲམས་པ་དང་མཉམ་དུ་རྐུ་བཤུ་མི་བྱེད་པ་དང་། གལ་ཏེ་རྐུ་བཤུ་བྱ་དགོས་ནའང་འུ་ཐུག་ས་ནས་ཟླ་ངོ་གཉིས་ཀྱི་རིང་རྐུ་བཤུ་མི་བྱེད་པའི་རེ་འདུན་བཏོན་པ་བཅས་རྒྱུ་རྐྱེན་དེ་རིགས་ནི། བོད་མི་ཤེས་ཡོན་ཅན་མང་བོ་ཞིག་གི་བོད་ཡིག་ལ་བརྟེན་ན་རང་ཁ་གསོ་བྱེད་ཙམ་ཡང་མི་ཡོང་བའི་དཀའ་ངལ་མཐོང་སྟེ། ཁོང་ཚོས་བོད་ཡིག་བཀོལ་སྤྱོད་མི་བྱེད་པ་སོགས་རྒྱུ་རྐྱེན་གཅིག་འདི་ཉིད་ཡིན་པའང་ཤེས་དགོས།
གོང་གི་དཀའ་ངལ་དེ་དག་སེལ་བའི་ཐབས་སུ་འུ་ཐུག་པའི་ཐབས་ལམ་ཞིག་འཚོལ་བའི་དབང་དུ་བཏང་ན།
༡། བོད་མི་རྣམས་ཀྱིས་གསོན་དུས་ཚེ་སྲོག་བཅོལ་ས་དང་། ཤི་དུས་རྣམ་ཤེས་བཅོལ་ས་ཡིན་པའི་བླ་མ་སྤྲུལ་སྐུ་དག་གིས་དངུལ་དངོས་ཡོད་ཚད་ལྷ་ཁང་དང་མཆོད་རྟེན་བཞེངས་སྐྲུན་སོགས་ཕྱི་རོལ་ཡུལ་གྱི་ས་རྡོ་ལ་བསྟིམ་རྒྱུ་མཚམས་འཇོག་བྱས་ཏེ། རང་གི་མི་རིགས་ལ་སྐད་ཡིག་དང་རིག་གནས་སྦྱོང་སའི་ཁོར་ཡུག་བསྐྲུན་རྒྱུ་དང་། དེ་དག་སློབ་མཐར་ཕྱིན་ན་ལས་ཀ་བསྒྲུབས་ས་དང་། དེ་ལ་བརྟེན་ནས་རང་གི་ཁྱིམ་ཚང་གསོ་སྐྱོང་བྱེད་ཐུབ་པའི་ཁོར་ཡུག་སྐྲུན་ཐབས་ལ་རྒྱབ་སྐྱོར་གནང་བའི་རེ་འདུན་བཅོལ་རྒྱུ།
༢། བོད་རིགས་ཀྱི་མིང་འཁྱེར་ནས་སློབ་ཆེན་ག་གེ་མོར་ཚུད་པ་དང་། དེ་ལ་བརྟེན་ནས་གཞུང་གི་ལས་བྱེད་པའི་ཐོབ་ཐང་རག་མཁན་མང་ཤོས་ཤིག་མི་རིགས་གཞན་ལ་སྐྲག་པ་དང་། རང་གི་རིགས་ལ་མི་སྡང་བ། ཁྲིམས་ལུགས་ལ་རྨོངས་ཤིང་སྒྲིག་འཛུགས་ལ་སྐྲག་པ། ལམ་ལུགས་ལ་སྐྲག་པ། འཚོ་གནས་ལ་སྐྲག་པ་བཅས་མདོར་བསྡུས་ན་རང་གི་གླ་ཕོགས་འཆོར་དོགས་ཀྱི་འཇིགས་སྐྲག་ངང་སྡོད་པ་དེ་རིགས་ནི། བོད་མི་རིགས་ཀྱི་ལས་དོན་མང་བོ་ཆུ་ལ་འདེབས་རྒྱུར་མཐུན་སྦྱོར་བྱེད་མཁན་གྱི་རླུང་འཚུབ་ངོ་མ་དེ་ཡིན་ཏེ།
གཅིག ཁོང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ཞིག་ཡོད་ན་དེ་ཉིད་མི་དམངས་ཀྱི་ཁྲོད་དུ་ཁྱབ་སྤེལ་བྱེད་པའི་འགན་འཁུར་མི་ལེན་པ་དང་།
གཉིས། གཞུང་དང་ཁྲིམས་འཛིན་གྱི་ངོས་ནས་མི་དམངས་ལ་གོ་ནོར་ཐེབས་ན་གསེད་དཀྲོལ་བྱེད་པའི་ནུས་པ་མི་འདང་བ།
གསུམ། ས་གནས་ཀྱི་མགོ་ཁྲིད་ལ་ལས་ནོར་འཁྲུལ་ཅན་གྱི་བསམ་བློ་བཟུང་ནས་མི་རིགས་ཀྱི་ས་ཁུལ་ལ་མི་འཚམ་པའི་ལས་དོན་ཐལ་ཆ་ཅན་ལག་བསྟར་བྱས་པ་ཁག་གོང་རིམ་ལ་སྙན་གསན་ཞུ་བའི་བློ་ཁོག་མི་འདང་བ།
བཞི། ཐ་ན་རང་རང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་གང་དུ་གཏོགས་པའི་ངོ་བོ་ཙམ་ཡང་འཛིན་མི་ཐུབ་པ་དེ་ཚོར་མི་དམངས་ཀྱི་ངོས་ནས་ཁོང་ཚོར་བསླབ་བྱ་རྒྱག་རྒྱུ་ནི། འཇིག་རྟེན་ཐོག་གི་གྲོག་མ་རྐང་ཆག་ཅིག་ཡིན་རུང་། ཙི་ཙི་ཞ་ར་ཞིག་ཡིན་ཀྱང་རང་རང་གི་ཁ་གསོ་ཐུབ་ཀྱིན་ཡོད་པའི་གནས་ལུགས་ངོ་སྤྲོད་བྱ་ཐབས་ལ་འབད་ནས་ཁོང་ཚོ་བླ་འཁྱམས་པ་སླར་གསོ་བྱ་རྒྱུ།
༣། གོ་ཚོད་བྱས་ན་ཉི་ཧོང་བས་ཕྱི་རྒྱལ་གྱི་དཔེ་དེབ་གལ་ཆེན་ཞིག་དཔར་སྐྲུན་བྱས་ནས་ཟླ་ངོ་གཉིས་ཀྱི་ནང་ལ་ཁོང་ཚོའི་སྐད་ཡིག་ཏུ་ཕབ་སྒྱུར་བྱེད་ཐུབ་ཀྱི་ཡོད་རབས་ཟེར། དེ་ལ་དགེ་མཚན་ཅི་ཞིག་ཡོད་དམ་ཞེ་ན་ཁོང་ཚོའི་མི་ཕལ་ཆེར་གྱིས་འཛམ་གླིང་གི་རིག་གནས་དང་དཔལ་འབྱོར། ཚན་རིག་དང་ལག་རྩལ། ཆབ་སྲིད་དང་དམག་དོན་སོགས་ཕྱི་ཕྱོགས་ཀྱི་གནས་ཚུལ་རྣམས་དུས་ལྟར་གསལ་བོར་ཤེས་ཐུབ་པ་དང་། རང་གི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ཕན་ཐོགས་འབྱུང་གིན་ཡོད་སྟབས། ང་ཚོས་ཀྱང་གཞོན་རབས་པ་ཚོ་མི་རིགས་གཞན་གྱི་སྐད་ཡིག་ལ་ཐིམ་འགྲོ་བ་དེ་ནི། གཞན་གྱི་སྐད་ཡིག་དེ་དག་གི་ནང་དུ་གཞོན་སྐྱེས་ཚོའི་སེམས་ཁམས་དང་མཐུན་པའི་རིག་གནས་ཡོད་པའི་དབང་གིས་ཡིན་པ་ངེས་པར་བྱས་ཏེ། རང་གི་སྐད་ཡིག་གི་ནང་དུའང་གཞོན་སྐྱེས་ཚོའི་བློ་ཁ་འགུག་ཐུབ་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་སྐྲུབ་ཐབས་ལ་འབད་བརྩོན་བྱ་དགོས་སྙམ།

དྲི་བ། བོད་དུང་། Tibet patriot 7
དུ་ནས་ལྷག་ཏུ་སློབ་ཆེན་སློབ་མ་ཚོས་འགོ་ཁྲིད་ནས་གཞན་ཡིག་རྐྱང་རྐྱང་གིས་རང་གི་མི་ཚེ་ཐག་གཅོད་བྱས་ན་དེས་བོད་མི་རིགས་ལ་གནོད་པ་ག་ཙམ་བཟོ་གི་ཡོད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
འདི་དྲི་བ་དྲུག་པ་དང་གཅིག་མཚུངས་རེད། དེས་ན་དྲུག་པའི་དྲིས་ལན་གྱིས་འདི་ལ་ཁྱབ་ཐུབ་པར་སྙམ།

དྲི་བ། བོད་དུང་། Tibet patriot 8
དེང་སྐབས་གཞུང་གི་སློབ་གྲྭ་ཁ་ཤས་ན་བོད་ཡིག་མེད་པར་བཟོ་རྒྱུའི་འཆར་གཞི་འཐེན་གྱིན་པ་དེར་ལྟ་ཚུལ་ག་འདྲ་ཡོད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
གནས་ཚུལ་དེ་ངས་ཕྱི་ལོགས་ནས་བཤད་ཐུབ་པ་ཞིག་མིན། ཡིན་ནའང་གནས་ཚུལ་འདི་རིགས་བྱུང་སྐབས། དེ་སྔ་བོད་ཡིག་སློབ་ཚན་ཡོད་ཀྱང་ད་ཆ་མེད་པར་བཟོ་མཁན་གྱི་སློབ་གྲྭ་གང་དང་གང་ཡོད་པ་དང་། དེ་དག་གིས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བོད་ཡིག་སློབ་ཚན་མེད་པར་བཟོས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱ་རྒྱུ་དེ་ནི་ཡོད་ཚད་ཀྱི་ཐོག་མའི་རྨང་གཞི་དེ་ཡིན། གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ན་རིམ་པ་ཁག་གི་འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་པར་འབྲེལ་གཏུགས་བྱས་ཏེ། འགྱུར་ལྡོག་ཆེན་པོ་དེ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡོད་མེད་དང་། གཞུང་གི་རྩ་བའི་སྲིད་ཇུས་ཀྱི་རྨང་གཞི་ཡོད་མེད་བཅས་ཞིབ་བརྩད་གཅོད་དགོས་པ་དེ་གོམ་བགྲོད་དང་བོ་རེད།
གལ་སྲིད་འགྱུར་བ་དེ་རིགས་ལ་རྒྱལ་ཁབ་གཞུང་གི་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་གཞི་འཛིན་ས་མེད་པ་ཡིན་ན། མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་ཀྱི་དགོངས་དོན་ལག་ལེན་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་གོམ་བགྲོད་གཉིས་པ་དེ་རེད།
གལ་སྲིད་གནས་ཚུལ་དེ་ས་གནས་མགོ་དཔོན་བྱེ་བྲག་པ་ཞིག་གི་ནོར་འཁྲུལ་ཅན་གྱི་བསམ་བློའི་འཛིན་སྟངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ན། རིམ་པ་ཁག་གི་མགོ་ཁྲིད་ལ་འབྲེལ་གཏུགས་དོ་ནན་མཐའ་འཁྱོངས་བྱ་དགོས་པ་དེ་གོམ་བགྲོད་གསུམ་པ་རེད།
དེ་ལྟར་སུན་སྣང་མེད་པ་དང་། བཟོད་སྲན་ཆེ་བ། དོན་མེད་ཀྱི་འཇིགས་སྣང་མི་བྱེད་པ། རྒྱུ་མཚན་དང་བདེན་དོན་ལ་བརྟེན་ནས་དོན་དག་གཙང་སེལ་མ་བྱུང་བར་དུ་སྐྱུར་འཇོག་མི་བྱེད་པ་བཅས་ནི་སྤྱི་འབངས་མི་སེར་རྣམས་ལ་ཡོད་དགོས་པ་དང་། འཐོབ་འོས་པ། འབད་ན་འཐོབ་རྒྱུ་ཡོད་པ་བཅས་ཀྱི་བདེན་དོན་དེ་ཡིན།

དྲི་བ། བོད་དུང་། Tibet patriot 10
ཁྱེད་ནི་བོད་ཀྱི་ན་གཞོན་སྙན་ངག་པ་དག་གི་རྩོམ་རིག་འགྲན་བསྡུར་གྱི་ཁྲོད་ན་དཔྱད་འདེམས་པའི་གདན་ཞུའི་ཐོབ་ཐང་ཡོད་མཁན་གྱི་མཁས་པ་ཞིག་རེད། དེས་ན་ཁྱེད་ཀྱིས་བལྟས་ན་བོད་ཀྱི་ན་གཞོན་སྙན་ངག་པ་དག་གི་སྤྱིའི་ཆ་ནས་མ་འདང་ས་འདྲ་ཨེ་འདུག་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
རྩོམ་རིག་གསར་རྩོམ་བྱེད་མཁན་ཚོའི་བརྩམས་ཆོས་ཁག་ལ་མ་འདང་ས་ཡོད་པ་དེ་ནི་གནའ་ནས་བྱུང་མྱོང་བ་དང་། ད་ལྟ་ཡོད་བཞིན་པ། མ་འོངས་པར་ཡོད་རྒྱུ་ཡིན་པ་ལ་ནམ་ཡང་གཡོལ་ཐབས་མེད་པའི་དོན་དག་ཅིག་ཡིན། དེ་བཞིན་དུ་ན་གཞོན་སྙན་ངག་པ་དག་གི་སྙན་ངག་ལའང་མ་འདང་ས་ཡོད་པ་ཙམ་ཞིག་མིན་པར། ང་རང་རང་ཉིད་ཚུད་པའི་རྒན་རབས་ཀྱི་རྩོམ་པ་བོ་ཚང་མའི་བརྩམས་ཆོས་ལའང་མ་འདང་སའི་ཆ་མེད་པ་ཞིག་མི་སྲིད་སྙམ།
ངས་བལྟས་ན་ང་ཚོའི་རྩོམ་པ་བོ་ཕལ་ཆེར་གྱི་མ་འདང་སའི་སྐྱོན་ཆེ་ཤོས་དེ་ནི། བོད་རང་གི་རིག་པའི་གཞུང་སྤྱི་དང་བྱེ་བྲག་ལ་སློབ་སྦྱོང་མི་བྱེད་པ་དང་། མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ལ་མཐོང་ཆེན་དང་རྒྱུས་ལོན་མི་བྱེད་པ་དེ་ཡིན།
མི་རིགས་གང་ཞིག་གི་རིག་གནས་ཀྱི་ཁོངས་སུ་གཏོགས་དང་མི་གཏོགས་བཤད་པའི་རྨང་གཞི་དེ་ནི། རྩོམ་མཁན་གྱི་མི་དེས་གྲྭ་ལྭའམ་རྒྱ་ལྭ་གང་ཞིག་གྱོན་ཡོད་མེད་དང་འབྲེལ་བ་མེད་ལ། རྩོམ་མཁན་དེའི་ཁྲག་གི་ནང་ལ་རྒྱ་བོད་ཧོར་སོག་སུ་ཞིག་གི་ཁྲག་རྒྱུད་འདྲེས་ཡོད་མེད་དེ་དང་ཡང་འབྲེལ་བ་མེད་པར། མི་རིགས་གང་ཡིན་པ་དེས་ཆོས་ལུགས་ལ་འཛིན་པའི་བསམ་བློ་དང་། མི་ཚེ་ལ་འཛིན་པའི་འདུ་ཤེས། འཁོར་ཡུག་ལ་འཛིན་པའི་དུང་སྣང་། འཚོ་གནས་ཀྱི་སྤྲོ་སྣང་དང་གཏན་ཚིགས། མི་དང་བྱ་དངོས་ལ་འཛིན་པའི་རིན་ཐང་གི་འདུ་ཤེས་སོགས་མི་རིགས་དེའི་བསམ་པའི་འདུ་ཤེས་འཛིན་སྟངས་དང་རྦད་དེ་འདྲེས་འགྲོ་བའི་གཤིས་ཉམས་ཡོད་པ་ཡིན་ན། བརྩམས་ཆོས་དེ་མི་རིགས་དེའི་བརྩམས་ཆོས་ཀྱི་ཁོངས་སུ་གཏོགས་འགྲོ་བ་དང་། བརྩམས་ཆོས་གང་ཞིག་ལ་བོད་རང་གི་བསམ་པའི་འདུ་ཤེས་འཛིན་སྟངས་ཀྱི་ཚོན་མདངས་དང་སྣུམ་ཞག་གང་ཡང་མེད་པར། མགོ་མཇུག་བར་གསུམ་དུ་བོད་ཀྱི་མི་དང་། བོད་ཀྱི་ཆུ། ཕོ་བྲང་པོ་ཏཱ་ལ་དང་། རྩ་ཐང་དང་གངས་རི། སྒྲོལ་མ་དང་ལྷ་མོ་སོགས་ཀྱི་ཐ་སྙད་མང་བོ་བསྲེས་པས་བརྩམས་ཆོས་དེ་བོད་མི་རིགས་ཀྱི་བརྩམས་ཆོས་སུ་འགྲོ་བའི་ནུས་པ་ཐོན་མི་ཐུབ།
འདིས་ཅི་ཞིག་སྟོན་གྱིན་ཡོད་དམ་ཞེ་ན། བོད་ཀྱི་རྩོམ་པ་བོ་ཞིག་བྱེད་པ་ལ་ངེས་པར་དུ་བོད་ཀྱི་ཞིང་འབྲོག་གི་འཚོ་བ་ལ་རྒྱུས་ལོན་ཟབ་མོ་ཡོད་དགོས་པ་དང་། བོད་རང་གི་མི་དང་། བོད་རང་གི་འཚོ་བའི་ཕྱི་ནང་ལ་ཆ་རྒྱུས་ཡོད་པའི་སྟོབས་ཀྱིས་དེ་མཚོན་བྱེད་ཀྱི་ཐ་སྙད་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ལ་རྒྱུས་མངའ་ཡོད་པར་འགྱུར་བ་དང་། བོད་མི་རིགས་འདིའི་སེམས་ཁམས་མཚོན་བྱེད་ཀྱི་བརྡ་དང་ཐ་སྙད་མང་བོ་ཡོད་པ་དེ་དག་ལ་རྒྱུས་མངའ་གསལ་བོ་ཡོད་ན་ད་གཟོད་ཁྱེད་ཀྱི་སྙན་ངག་ལ་སྙན་ཆ་དེ་ཙམ་མེད་པའི་དབང་དུ་བཏང་རུང་། ཁྱེད་ཀྱི་སྙན་ངག་གིས་ཕ་རོལ་ཀློག་མཁན་གྱི་བླ་སྲོག་སྐྱོམས་པའི་ས་ཆོད་མེད་པའི་དབང་དུ་བཏང་རུང་། ཁྱེད་ཀྱི་སྙན་ངག་གིས་མིའི་སེམས་རྒྱུད་ཀྱི་རྣམ་ཤེས་ཆེས་ཕྲ་ཞིང་ཟབ་པ་དེ་རིགས་ལ་གཡོ་འགུལ་གཏོང་བའི་ནུས་པ་མ་ཐོན་པའི་དབང་དུ་བཏང་རུང་། བོད་མི་རྣལ་མ་ཞིག་གི་རྣ་ལམ་ལ་བདེ་ཞིང་མིག་ལམ་ལ་མི་གཟན་པ་ཞིག་ཡོང་རྒྱུ་ནི་ཐག་བཅད་ཆོག་པ་ཞིག་ཡིན།
བོད་ཀྱི་དེང་རབས་སྙན་ངག་པ་དང་རྩོམ་པ་བོ་གྲགས་ཅན་འཇུ་སྐལ་བཟང་གི་སྙན་ངག་ནི་བོད་རང་གི་གཤིས་ལ་ཡོད་པའི་སྙན་ངག་ཡིན་ལ། ཁོང་གི་སྙན་ངག་གི་བརྡ་དང་ཐ་སྙད་དེ་དག་ནི་བོད་ཀྱི་ཡབ་མེས་བཙན་པོ་ཚོའི་པགས་སྩག་གི་ནང་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པའི་དབང་གིས། ཁོང་གི་སྙན་ངག་ལ་བོད་མི་རིགས་ཀྱི་སྤོབས་པ་ཡོད་ལ། བོད་མི་རིགས་ཀྱི་སེམས་གཤིས་ཡོད། མདོ་དབུས་མཐོ་སྒང་གི་རིི་ཆུ་ནགས་གསུམ་གྱིས་བསྡུས་པའི་རང་བྱུང་གི་ཁོར་ཡུག་ལ་ཐིམ་འགྲོ་བའི་ནུས་པ་ཡོད་ལ། བོད་མི་སྐྱ་སེར་ཤེས་ཡོན་ཅན་སུ་ཞིག་གིས་རོལ་མྱོང་བྱས་ཀྱང་རོལ་མྱོང་བྱེད་མཁན་རང་ཉིད་དང་ངོ་བོ་དབྱེར་མེད་དུ་འདྲེས་འགྲོ་བའི་སྒྱུ་འཕྲུལ་ཡོད་པ་དེ་ཡིན། དེ་ནི་རྩོམ་པ་བོ་འཇུ་སྐལ་བཟང་ལགས་ཀྱི་རྩོམ་རྩལ་བཟང་བའི་ཡོན་ཏན་དང་། ཁོང་གིས་བོད་ཀྱི་སྙན་ངག་ངོ་མ་བྲིས་པའི་ནུས་པ་གཉིས་མཉམ་འདྲེས་སུ་གྱུར་པ་ལས་བྱུང་བའི་ཐུན་མིན་གྱི་ནུས་པ་དེ་ཡིན།
བོད་ཀྱི་མི་སུ་ཞིག་གིས་བོད་རང་གི་སུམ་རྟགས་དག་གསུམ་ལ་སྦྱོང་བ་ནན་ཏན་བྱས་ཏེ། གཅིག་ནས་སུམ་ཅུ་བའི་སྐབས་ནས་བསྟན་པའི་ཕྲད་དང་རྣམ་དབྱེའི་ནུས་པ་འདོན་སྟངས་ལ་མྱོང་བ་ཐོན་པ་དང་། དེ་ནས་རྟགས་འཇུག་གི་སྐབས་ཀྱི་ཕོ་མོ་མ་ནིང་དང་། བདག་གཞན་དང་དུས་གསུམ་གྱིས་བསྡུས་པ་དང་མ་བསྡུས་པའི་བྱ་ཚིག་སྦྱོར་སྟངས་ལ་མྱོང་བ་ཐོན་ན་ཡིག་གེའི་སྦྱོར་རྩལ་ཇེ་ཞིབ་དང་ཇེ་ཆེར་འགྲོ་བ་དང་། ཕྱི་རོལ་ཡུལ་དང་ནང་གི་སེམས་གཉིས་ཀྱི་མཚོན་བྱ་དང་མཚོན་བྱེད་ཀྱི་མཚོན་ཚུལ་བབ་ཆགས་ཡོང་བའི་ཁྱད་པར་ཆེན་པོ་ཐོན་རྒྱུ་ཡིན་ལ། དེའི་སྟེང་དུ་བརྡ་དག་གི་མིང་གི་ཚོགས་དང་། ཚིག་གི་ཚོགས། བརྗོད་པའི་ཚོགས་ལ་དོ་སྣང་བྱས་ཏེ་རིམ་གསག་བྱ་རྒྱུ་ནི། རྩོམ་པ་བོ་ཞིག་ལ་མཚོན་ན་མེད་ཐབས་མེད་པའི་ཆ་རྐྱེན་ཤ་སྟག་ཡིན།
གོང་དུ་བཤད་པའི་ཆ་རྐྱེན་དེ་དག་མེད་པར་བོད་ཀྱི་རྩོམ་པ་བོ་བྱེད་པར་འདོད་པ་ནི། ཀ་གདུང་དང་ལྕམ་དྲལ་གང་ཡང་མེད་པར་གཞལ་མེད་ཀྱི་ཁང་ཆེན་རྩིག་པར་འདོད་པ་དང་གཅིག་མཚུངས་ཡིན། ནང་བསམ་པའི་འཆར་སྣང་དང་མྱོང་བ། མྱོང་ཚོར་དེ་དག་ཚིག་གི་ལམ་ནས་མཚོན་ཐབས་བྱེད་པ་སོགས་དགེ་རྒན་ཡག་ཤོས་ཤིག་གིས་ལམ་སྟོན་བྱས་ན་སྦྱང་རྒྱུ་ཡོད་ངེས་ཡིན་ཀྱང་། གཙོ་བོ་སྙན་ངག་པ་བྱེ་བྲག་པའི་མི་གཤིས་དང་བསམ་པའི་བཀོད་པ་སོགས་སྒེར་ཁོ་ན་ལ་གཏོགས་པའི་ཁྱད་ཆོས་ཤས་ཆེ་བ་ཡིན་པས། རྡོ་ཐོག་ལ་ཆུ་བླུགས་པ་ལྟ་བུའི་སློབ་ཁྲིད་ཀྱིས་ཡོང་རྒྱུ་ཡོད་པ་ཞིག་ཡིན་མིན་བཤད་ཚོད་མི་ཐིག
སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་གལ་ཆེན་ཁག་ནི། ནང་སེམས་ཀྱི་ཚོར་བ་དགའ་སྐྱོ་ཆགས་སྡང་གི་འགྱུ་བ་དེ་དག་ཡིན་པས། མི་ཡིན་ནོ་ཅོག་ལ་ཀུན་རྟོག་གི་སྤྲོས་པ་ཡོད་པ་གཅིག་མཚུངས་ཡིན་ཀྱང་། དེ་དག་ལ་ཕྲ་རགས་ཀྱི་དབྱེ་བ་འབྱེད་ཤེས་པ་དང་། དོན་གནད་གཅིག་ལ་དམིགས་པ་གཏད་པའི་སྟོབས་ཀྱིས་དབང་ཤེས་ལ་བརྟེན་པའི་ཀུན་རྟོག་རགས་པ་འགག་ནས་སོང་སྐབས། ཡུལ་གང་ཞིག་ལ་གཏད་པའི་དམིགས་རྟེན་དེ་ལ་གསལ་སྣང་འབྱུང་གིན་ཡོད་ལ། དེའི་གནས་སྐབས་དེ་འོག་འགྱུའི་རྟོག་པ་ཕྲ་མོ་མངོན་དུ་གྱུར་པའི་གནས་སྐབས་ཡིན་པས། དེ་ཉིད་སྒྱུ་རྩལ་གྱི་འགུག་ཤུགས་ཡོད་པའི་ཡི་གེའི་ལམ་ལ་ཕབ་ན་མིའི་སེམས་ལ་གཡོ་འགུལ་ཐེབས་པའི་སྙན་ངག་འབྱུང་ཐུབ་པ་ཡིན་ནམ་སྙམ།
རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་དུ། སེམས་ཕྱི་རོལ་ཡུལ་ལ་གཡེང་བའི་འཕྲོ་འདུ་རྦད་དེ་བཅད་ནས་གཞི་གཅིག་གི་སྟེང་ལ་དམིགས་པ་གཏད་ན་ཡུལ་དེ་ཉིད་གསལ་བོར་རྟོགས་ཐུབ་ཅེས་དགེ་འདུན་ཆོས་འཕེལ་གྱིས་གསུང་གིན་ཡོད་ཚུལ་ལན་དུ་མར་བྲིས་འདུག་པ་དྲན། དེ་ནི་སྙན་ངག་པ་ལ་ངེས་པར་དུ་དགོས་པའི་གདམས་པ་ཆེས་ཟབ་མོ་ཞིག་ཡིན། ད་དུང་ཁོང་གིས་དགེ་ཆོས་ཀྱི་ལུང་གཞན་ཞིག་བཀོད་འདུག་པ་ནི། དབུ་སེམས་ཀྱི་ལྟ་བ་ལ་དཔྱད་མཁན་དང་། མིའི་སེམས་ཀྱི་གཤིས་ཉིད་བཙལ་ནས་སྙན་ངག་འབྲི་མཁན་གཉིས་ཀྱིས་དངོས་པོའི་ཆོས་ཉིད་འཚོལ་བའི་ཐབས་ལམ་མ་འདྲ་བ་ཙམ་ལས་དོན་གྱིས་མ་བཅོས་པར་གདོད་ནས་འོང་བའི་སེམས་ཀྱི་གཤིས་ཉིད་རྟོགས་ཐབས་བྱེད་ཀྱིན་ཡོད་པ་གཅིག་མཚུངས་ལྟ་བུར་གསུང་གིན་ཡོད་ཚུལ་བཀོད་པའང་དྲན།
གོང་གི་རྒྱུ་མཚན་དེ་ཚོ་ལ་བསམ་གཞིགས་ཤིག་གནང་ཐུབ་པ་ཡིན་ན། དེང་སང་གི་སྙན་ངག་པ་གསར་བ་མང་བོ་ཞིག་གིས། ཆགས་ཚིག་དམར་རྗེན་པ་ཤ་སྟག་འགྲེམས་བསྒྲགས་བྱས་ནས་ཀློག་མཁན་འགུག་ཐབས་ལ་རེ་བ་ཁོ་ན་བྱེད་པ་ནི། ཁྲོམ་སྲང་དུ་འདོམ་བསྟན་ནས་བརྩེ་དུང་འཚོལ་བ་དང་འདྲ་ལ། སྤྲོས་བྲལ་དང་། རང་བཞིན་གནས་རིགས། གཉུག་མའི་སེམས། བདེ་སྟོང་དབྱེར་མེད། ཁ་སྦྱོར་གྱི་བདེ་བ་སོགས་མདོ་དང་སྔགས་ཀྱིས་བསྡུས་པའི་གསུང་རབ་ཀྱི་ཐ་སྙད་ཆེ་ལ་རྫིགས་པ་དེ་དག་བསྒྲིགས་ནས་སྙན་ངག་བཟང་བོར་འགྱུར་རེ་བྱེད་པ་དེ་ཡང་། ལྷ་ཁང་གི་སྡེབས་བྲིས་བཟང་བོ་ཕག་ཁང་གི་རྩིག་ངོས་ལ་སྦྱར་བ་ལྟ་བུར་འགྱུར་སྲིད་པ་ཡིན་ལ། ཁ་བ་གངས་ཅན་པའི་གནའ་དེང་གི་སྙན་ངག་པ་བཟང་ཤོས་དག་གི་ངག་གི་སྒྱུ་རྩལ་གྱི་ཤེས་པ་ཕྲ་མོས་བསྐྲུན་པའི་ཐ་སྙད་ཡག་ཤོས་དག་བཅད་དེ་རང་གི་སྙན་ངག་ཏུ་བསྒྲིགས་ཐབས་བྱེད་པ་དེ་ཡང་། རྒྱ་མི་སྤྲང་བོས་རྒྱ་ནག་གོང་མ་དག་གི་གོས་ཆེན་གྱི་ཤམ་ལྭ་གྱོན་པ་དང་མཚུངས་པ་ཡིན་པས། སྔོན་ཆད་བདག་གིས་ཟིན་བྲིས་ཤིག་ཏུ་བཀོད་པ་ལྟར། ཆགས་ཚིག་རྗེན་པ་ལ་བརྟེན་ནས་མི་སེམས་བསླུ་ཐབས་བྱེད་པ་དང་། ཆོས་ཚིག་རྫིག་པོའི་ཐ་སྙད་ཀྱི་ལྕགས་རི་བརྩིགས་ནས་རྒྱལ་ཐབས་ལ་རེ་བ་ནི། རང་གི་ཞིང་ནང་ལ་འགྱིག་གི་མེ་ཏོག་བཙུགས་པ་འདྲ་བས། སྙན་ངག་ནི་སེམས་ཀྱི་གཤིས་དང་། དུང་བའི་སྣང་བ། གདུང་བའི་ན་ཟུག་སོགས་ལ་ལྷད་མ་ཞུགས་པར་ཐ་སྙད་ཀྱི་སྦུག་ལམ་ནས་བཞུར་དུ་འཇུག་པ་དེ་ཡིན་དགོས།

དྲི་བ། བོད་དུང་། Tibet patriot 11
ང་ཚོ་བོད་ལ་སྙན་ངག་དང་རྩོམ་རིག་དར། ལྷག་ཏུ་དེའི་ཕྱོགས་སུ་འགྲན་བསྡུར་དང་བྱ་དགའ་བྱེད་པའི་སྲོལ་འདི་ཚོ་དར་བ་དེས་ང་ཚོའི་སྙན་ངག་དང་རྩོམ་རིག་གི་ལམ་ཁ་དེ་ཕུན་སུམ་ཚོགས་པ་ཞིག་ལ་འགྱུར་བ་མཚོན་གྱིན་ཨེ་རེད་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
བོད་ལ་སྔོན་ཆད་ནས་སྙན་ངག་དར་མྱོང་བ་རེད་ལ། རྩོམ་རིག་སྤྱིའི་ཆ་ནས་ཀྱང་དར་མྱོང་ཡོད་པ་ཡིན། ད་ལྟ་དེ་བས་ཀྱང་རྩོམ་རིག་ལ་འཇུག་མཁན་དང་། སྙན་ངག་འབྲི་མཁན་མང་བོ་ཡོད་པ་བདེན་པ་རེད། རྩོམ་རིག་འགྲན་བསྡུར་ཚུགས་ནས་བྱ་དགའ་སྤྲོད་སྲོལ་དར་ཁྱབ་འབྱུང་བཞིན་པ་དེ་ཚོ་ལས་དང་བོ་བའི་གནས་སྐབས་ཀྱི་རྩོམ་རིག་ལ་འཇུག་མཁན་ཚོ་ལ་སེམས་ཤུགས་སྐྱེ་བྱེད་དང་། སྐུལ་མ་གཏོང་བྱེད་དུ་འགྱུར་བ་ཡིན་པས་བྱ་བ་ཧ་ཅང་ཡག་པོ་ཞིག་ཡིན་པར་འདོད། འོན་ཀྱང་དེང་སང་གི་རྟ་རྒྱུག་འགྲན་གཤིབ་ལྟ་བུ་དང་། རོལ་དབྱངས་དགོང་ཚོགས་ལྟ་བུར་གྱུར་ནས། འདོད་རྔམ་ཅན་གྱི་སྦྱིན་བདག་ཙག་ཙིག་དག་གིས་རྒྱུ་དངོས་འཚོལ་བྱེད་དང་། གཡོ་ཁྲམ་པ་དག་གིས་གོ་སྐབས་འཚོལ་ས་དང་། མིང་གནས་རྫུན་མ་བཟོ་ཐབས་བྱེད་པའི་སྟེགས་བུ་ཞིག་ཏུ་མི་འགྱུར་བའི་ས་མཚམས་འཛིན་ཐུབ་ན། གཟེངས་རྟགས་གཅིག་ཐོབ་ན་གཟི་བརྗིད་ཆེ་ཞིང་། རྒྱལ་ཁ་གཅིག་བླངས་ན་རིན་ཐང་ལྡན་པར་འགྱུར་བ་ཡིན་ནམ་སྙམ་པས། རྗེ་མི་ལ་རས་པའི་ཞལ་ནས། ཕ་རོལ་སྔགས་ཀྱི་བྱང་ཐང་འགྲིམས་པ་ལས། །སྒོ་ཁའི་འོབས་དོང་འདི་ལ་གཟབ་པར་འཚལ། ། གསུངས་པ་ལྟ་བུ་ཐུགས་ལ་བཅངས་ནས། ཐལ་འགྲོ་བ་དང་། བརྒལ་འགྲོ་བ། འཆོལ་འགྲོ་བ་བཅས་ཀྱི་མི་མཐུན་ཕྱོགས་ལ་གཟབ་གཟབ་བྱ་ཐུབ་ན་ལེགས་ལམ་ཆེ་བར་སྙམ།

དྲི་བ། བོད་དུང་། Tibet patriot 12
ད་ལྟའི་ཆར་མི་མང་པོ་ཞིག་གིས་ཡིག་ནོར་འབྲི་བར་དགག་པ་རྒྱག་གིན་ཡོད་ལ་དེ་དང་ཆབ་ཅིག་མི་མང་པོ་ཞིག་ཡིག་ནོར་ཤོར་བར་སྐྲག་སྟེ་བོད་ཡིག་བཀོལ་གྱིན་མེད། ཡང་མི་ལ་ལ་ཞིག་གིས་བོད་ཡིག་འབྲི་རྒྱུ་དང་ཡིག་ནོར་ཤོར་ཀྱང་བོད་ཡིག་འབྲི་རྒྱུའམ་བཀོལ་རྒྱུར་བསྐུལ་མ་གཏོང་གིན་ཡོད། དེས་ན་དོན་ངོ་མར་འདི་ཚོ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་སམ།

དྲིས་ལན། ཧོར་གཙང་འཇིགས་མེད།
བོད་གངས་ཅན་པའི་བྱུང་རབས་ལོ་རྒྱུས་སུ་མི་དམངས་དཀྱུས་མའི་ཁྲོད་ཡི་གེ་ཤེས་མཁན་ཆེས་མང་ཤོས་བྱུང་བའི་དུས་སྐབས་དེ་ད་ལྟའི་དུས་སྐབས་འདི་ཉིད་ཡིན། སྔོན་ཆད་ཀྱི་སྤྱི་ཚོགས་ཁྲོད་གྲྭ་བ་དང་བཙུན་མ། སྔགས་འཆང་གི་སྡེ་ཧ་ཅང་ཁྱབ་རྒྱ་ཆེ་བ་དང་གྲངས་འབོར་མང་བ་ཞིག་ཡིན་ཞིང་། དེ་དག་གི་ནང་ནས་བྱུང་བའི་མཁས་པ་རྩེ་ཕུད་རྣམས་ནི། འཛམ་གླིང་གི་མཁས་པའི་གདན་གྲལ་ལ་བཞག་ཀྱང་ངོ་ནོངས་མི་དགོས་པ་དེ་འདྲ་ཡིན་ཀྱང་། གྲྭ་དམངས་སྤྱི་བྱིངས་ཀྱི་ནང་དུ་ཡི་གེ་འཁྱར་འཁྱོར་ཀློག་ཤེས་ཀྱང་འབྲི་སྟངས་མི་ཤེས་མཁན་དང་ཡི་གེའི་དག་ཆ་མི་ཤེས་མཁན་བརྒྱ་ཆའི་མང་ཤོས་ཟིན་ཡོད་ཅིང་། ད་དུང་ཆེས་ཐབས་རྡུགས་ཡིན་པའི་ཕྱོགས་ངོས་ནས་བལྟས་ན་སྐབས་དེ་དག་གི་གྲྭ་བཙུན་གྱི་ནང་དུ་ཡིག་ངོ་མི་ཆོད་མཁན་གྱི་གྲངས་འབོར་ཀྱང་ངེས་ཅན་ཞིག་ཟིན་ཡོད་པ་དེ་ཡིན་ལ། ལྷག་པར་དུ་ཞིང་འབྲོག་གི་མི་སེར་དཀྱུས་མའི་ཁྲོད་ན་ཁྱིམ་སྔགས་པ་དང་གྲྭ་བ་དང་ཇོ་མོ་ཉུང་ཤས་ཤིག་སྐྱ་སར་བབ་པ་དེ་ཚོས་ཡི་གེ་འབྲི་ཀློག་ཅིག་ཤེས་ཀྱི་ཡོད་ན་མ་གཏོགས། ཡི་གེ་ཤེས་མཁན་ཉིན་མོའི་སྐར་མ་ལྟ་བུ་ལས་མེད་པ་དངོས་ཡོད་གནས་ཚུལ་ཡིན། གནས་ཚུལ་དེ་ཚོ་དང་བསྡུར་ན་ད་ལྟ་བོད་ཀྱི་གཞོན་སྐྱེས་ཚོའི་ནང་ན་ཡི་གེ་ཤེས་མཁན་མང་ཤོས་སུ་གྱུར་དང་འགྱུར་བཞིན་པ་དང་། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་བྱང་བ་དང་། བོད་རྒྱ་སྐད་གཉིས་ལ་བྱང་བ། ཡང་ན་བོད་ཡིག་མི་ཤེས་རུང་རྒྱ་ཡིག་གམ་དབྱིན་ཡིག ཡང་ན་རྒྱ་གར་ཡི་གེ་དང་། ཨུརྡུ་ཡི་གེ། ནེ་པ་ལའི་ཡི་གེ། ཧྥ་ཡིག ཨི་ཏ་ལིའི་ཡི་གེ སི་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཉི་ཧོང་གི་ཡི་གེ་ཤེས་མཁན་སོགས་མདོར་ན། ད་ལྟ་འཇིག་རྟེན་འདིར་འཚོ་གནས་བྱེད་མཁན་གྱི་བོད་མི་ས་ཡ་དྲུག་བདུན་ཞིག་ཡོད་པ་དེ་དག་གི་ནང་ན་བོད་རང་གི་སྐད་ཡིག་ལ་བྱང་བ་དང་། མི་རིགས་གཞན་གྱི་སྐད་ཡིག་ལ་བྱང་བ་བཅས་སྐད་ཡིག་ཤེས་མཁན་མང་ཤོས་དང་། ཡི་གེ་ཤེས་མཁན་ཆེས་མང་ཤོས་ཀྱི་དུས་སྐབས་དེ་ད་ལྟའི་དུས་སྐབས་འདི་ཉིད་ཡིན། ཡང་གཅིག་བཤད་ན་གནས་བབ་འདི་འཛམ་གླིང་སྤྱིའི་ཡིག་རྨོངས་སེལ་ཐབས་དང་ཤེས་ཡོན་གལ་འགངས་ཆེན་པོར་འཛིན་པའི་འཁོར་སྐྱོད་དང་སྡོངས་ཏེ་ཡོང་བ་ཞིག་ཀྱང་ཡིན།
ངས་བལྟས་ན་བོད་ཀྱི་ཤེས་ཡོན་ལམ་སྟོན་གནང་མཁན་ཁག་ཅིག་གིས་བོད་མི་ཚོས་ཡིག་ནོར་མང་བོ་བྲིས་པ་ལ་ཐེར་འདོན་གནང་གིན་ཡོད་པ་དང་། ལ་ལ་ཞིག་གིས་ཡིག་ནོར་ལ་སྐྱོན་མེད་པར་བོད་ཡིག་འབྲི་ཀློག་བྱ་རྒྱུ་གལ་ཆེན་དུ་གསུང་གིན་ཡོད་པ་གཉིས་ཆ་བོད་ཀྱི་ཆོས་རིག་ལ་ཤ་ཞེན་དང་སེམས་འཁུར་ཡོད་པ་གཅིག་མཚུངས་རེད་སྙམ། རྒྱུ་མཚན་ནི་ཡིག་ནོར་འབྲི་མི་རུང་བར་གསུང་མཁན་དེ་དག་གི་རེ་བ་ནི་ཡི་གེ་ཅི་ཙམ་དག་ན་དོན་ལ་དེ་ཙམ་གྱིས་ཟུག་སྟོབས་ཆེ་བ་དང་། ཡི་གེ་ལ་ནོར་འཕྱུག་མང་བོ་བྱུང་ན་དོན་གྱི་གནད་ལ་ཟུག་མི་ཐུབ་པའི་དབང་གིས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །གསུངས་པ་ཇི་བཞིན་ཡི་གེའི་དག་ཆ་ལ་དོ་སྣང་བྱ་དགོས་པའི་རེ་འདུན་བཏོན་པ་དེ་ཡིན་ལ། ཅིག་ཤོས་དག་གིས་ཡིག་ནོར་བྲིས་པ་ལ་སྐྱོན་དུ་མི་འཛིན་པར་རང་གི་ཡི་གེ་བཀོལ་སྤྱོད་བྱ་རྒྱུ་གལ་ཆེན་དུ་འཛིན་པ་དེ་ཚོའི་དམིགས་ཡུལ་ནི། ཡིག་ནོར་ལ་འཇིགས་ནས་ཡི་གེ་མ་བྲིས་པར་བསྡད་པ་ཡིན་ན་ནམ་ཡང་ཡི་གེ་དག་མོ་འབྲི་ཤེས་མཁན་དུ་འགྱུར་བའི་གོ་སྐབས་ཤོར་གྱིན་ཡོད་པ་ལ་དམིགས་ནས། དག་ཆ་ཡོད་མེད་དང་བརྗོད་བྱེད་གྲ་འགྲིག་མིན། བརྗོད་བྱ་གནད་དུ་ཁེལ་མིན་ལ་ལྟོས་པ་མེད་པར་ཡི་གེ་འབྲི་ཀློག་མང་བོ་བྱས་ན། གོམས་ན་སླ་བར་མི་འགྱུར་བའི། །དངོས་གནས་དེ་གང་ཡང་ཡོད་མ་ཡིན། ། གསུངས་པ་ནང་བཞིན་རིམ་གྱིས་ཡིག་སྤུས་ཇེ་དག་ལ་འགྲོ་བའི་གོ་སྐབས་ཡོད་པར་མཐོང་ནས། ཡི་གེ་ལ་དབང་མ་འབྱོར་བའི་ལས་དང་བོ་དེ་ཚོའི་དབུགས་དབྱུང་ཕྱིར་བསྟན་པའི་ཐབས་ལམ་ཞིག་ཡིན་ནམ་སྙམ།
གོང་དུ་བཤད་པ་དེ་དག་ནི་གཞན་ངོ་ལ་ལྟོས་པའི་དོན་དག་ཞེ་ཅིག་ཡིན་ལ། ད་ནི་རང་ངོས་ལ་ལྟོས་པའི་དོན་དག་གཅིག་བཤད་ན། མི་ཞིག་གིས་རང་གི་ཀུན་སྤྱོད་ལ་ཚོད་འཛིན་བྱ་ཐུབ་ན་མི་ཚེ་ཆ་སྙོམས་པོ་སྐྱེལ་ཐུབ་པའི་དགེ་མཚན་ཡོད་པ་དང་། མིའི་མིག་ནང་ལ་རང་གི་གཟུགས་བརྙན་ཁམས་གཙང་དུ་གནས་པའི་དགེ་མཚན་ཡོད་པ་འདྲ་ནའང་། རིག་གནས་སྦྱོང་བ་ལ་སྒམ་ཚུགས་དང་སྤམ་ཚུགས་བཟུང་ནས་གཞན་ལ་ནང་ཉམས་ལོན་དུ་མི་འཇུག་པ་དེ་ནི། རང་གི་ཡར་རྒྱས་ཀྱི་ལོ་ཐོག་གཞོམ་བྱེད་ཀྱི་སད་སེར་ཙ་ཐན་ཡིན་པས། མི་ཞིག་སྐྱེས་པ་ནས་འཆི་བའི་བར་གྱི་འཚར་ལོངས་ལ་ཆ་བཞག་ཀྱང་ཆེས་ཐོག་མར་གོག་ནས་འགྲོ་བ་ལས་གོམ་པ་གཅིག་ཀྱང་རྒྱག་མི་ཐུབ་པ་དང་། རིམ་གྱིས་འཚར་ལོངས་དང་འགུལ་སྐྱོད་ཟུང་འབྲེལ་ལ་བརྟེན་ནས་གོམ་པ་རེ་ཟུང་རྒྱག་ཐུབ་པ་འགྱུར་བ་དང་། དེ་ནས་རིམ་གྱིས་ལོ་ཟླ་ཞགས་དུས་ཀྱི་འགྱུར་བ་དང་སྡོངས་ནས་གོམ་པ་མང་བོ་རྒྱག་ཐུབ་དང་། རིམ་གྱིས་གོམ་ཁ་བརྟན་པོར་སྐྱོད་ཐུབ་པ་བཅས་ཀྱི་བརྒྱུད་རིམ་ལ་ཞུགས་མ་མྱོང་བའི་མི་སུ་ཞིག་ཡོད།
ཤེས་ཡོན་ཅན་ལ་ཆ་བཞག་ནའང་ཀ་ཁ་བསླབས་པའི་ཉིན་མོ་ནས་གཅིག་ཀྱང་མ་འཕྱུག་པ་དང་། ཅི་ཡང་ནོར་མྱོང་མེད་པའི་མཁས་པ་སུ་ཞིག་འཇིག་རྟེན་ལ་བྱོན་མྱོང་ཡོད་དམ། ང་རང་ལོ་རབས་བརྒྱད་ཅུ་བའི་ནང་བླ་བྲང་དགོན་པ་ན་ཡོད་དུས། མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་ཕྱི་རྒྱལ་གྱི་གཏམ་དཔེ་ཕྱོགས་བསྒྲིགས་ཞེས་པ་ཞིག་ཡོད་པ་དེ་ལ་ལྟ་ཀློག་བྱེད་ཀྱིན་ཡོད་ལ། དེའི་ནང་དུ་རང་གིས་མི་ཤེས་པ་གཅིག་ཁས་བླངས་པ་དེ་ནི་ཡོན་ཏན་གཅིག་ཡར་རྒྱས་སུ་སོང་བའི་རྟགས་མཚན་ཡིན་པར་བཤད་འདུག་པ་དྲན་ངོས་ན་འདུག རྒྱུ་མཚན་དེ་འདྲ་ལ་བརྟེན་ནས། སུ་ཞིག་གིས་གནས་གང་ཞིག་ཤེས་པར་འདོད་པ་དང་དེ་ལ་མཁས་པར་འདོད་པ་ཡིན་ན། ངེས་པར་དུ་རང་གིས་གནས་དེ་ཉིད་མི་ཤེས་པ་ཁས་ལེན་བྱ་དགོས་པ་དེ་སྔོན་འགྲོའི་ཆ་རྐྱེན་ཨང་དང་བོ་དེ་ཡིན་ལ། ང་ཚོའི་གྲོང་གསེབ་པ་ཚོ་ལ་གཏམ་དཔེ་ལྟ་བུ་ཞིག་ཡོད་པ་ནི། མི་ཤེས་ཤེས་ཁུལ་བྱས་ན་དམྱལ་བར་སྐྱེ། ། ཟེར་སྲོལ་ཡོད་པ་ལྟར་དམྱལ་བར་སྐྱེ་རུང་མི་སྐྱེ་རུང་། མི་ཤེས་བཞིན་དུ་མི་ཤེས་པ་ཕྱི་ལ་མངོན་དུ་མི་འཇུག་པར་ཤེས་པའི་བརྟུལ་ཞུགས་བཟུང་ནས་སྡོད་པ་ནི་རང་ཉིད་ཕུང་བྱེད་ཀྱི་རྒྱུ་ཚོགས་རང་ཉིད་ཀྱིས་བསགས་པ་ཞིག་ཡིན།།

དྲི་བ། བོད་དུང་། Tibet patriot 13
དོན་ངོ་མར་སྙན་ངག་ཅེས་པས་ང་ཚོར་དགོས་མཁོ་ཅི་ཞིག་སྐང་དགོས་སམ།

དྲིས་ལན། ཧོར་གཙང་འཇིགས་མེད།
སྙན་ངག་ནི་སྤྱི་ཚོགས་ཀྱི་རིག་གནས་ཤིག་མིན་ལ། ཁྱིམ་ཚང་ལ་དབང་བའི་རིག་གནས་ཤིག་ཀྱང་མ་རེད། སྙན་ངག་ནི་སྙན་ངག་པའི་ཆོས་ལུགས་ཡིན་དགོས་ལ། ཆེས་སྒེར་བ་ལ་དབང་བའི་རིག་གནས་ཁོ་ན་དེ་ཡང་ཡིན་དགོས། དེ་འདྲའི་དབང་གིས་“ང་ཚོའི་”དགོས་མཁོ་བསྐང་མིན་བཤད་དུ་མེད་པ་ཞིག་ཡིན། ཆོས་ལུགས་ཀྱི་དད་མོས་ཀྱང་དེ་དང་གཅིག་མཚུངས་ཡིན། ཁྱེད་ཀྱི་སེམས་རྒྱུད་ཀྱི་ལྷ་དང་བླ་མ་སུ་ཞིག་ལ་དད་མོས་བྱེད་མིན་དེ་ཁྱེད་ཉིད་གཅིག་རང་ལ་དབང་བ་ལས་ཐ་ན་ཁྱེད་ཀྱི་ཤ་ཁྲག་གི་ལུས་པོ་གནང་མཁན་གྱི་ཕ་མས་ཀྱང་ཁྱེད་ཀྱི་ཚབ་བྱེད་མི་ཐུབ་ལ། ཁྱེད་ཀྱིས་ཤ་ཁྲག་གི་ལུས་པོ་སྤྲད་པའི་བུ་ཕྲུག་ཚོས་ཀྱང་ཁྱེད་ཀྱི་ཚབ་བྱེད་ཐབས་མེད་པར་ཁྱེད་ཉིད་ཁོ་ནའི་སྤྱོད་ཡུལ་ཉག་ཅིག་དེ་ཡིན། དཔེ་དེ་བཞིན་དུ་སྙན་ངག་འབྲི་མཁན་གྱིས་རང་གི་སེམས་ཀྱི་བདེ་སྡུག་གི་ཚོར་སྣང་དང་མྱོང་སྣང་འབྲི་བཞིན་ཡོད་པས་མི་གཞན་དང་སྤྱི་ཚོགས་གཞན་ལ་ཁྱབ་ཏུ་ཡོད་པ་ཞིག་མིན་ལ། སྙན་ངག་གི་རོ་ཉམས་མྱོང་མཁན་གྱིས་ཀྱང་རང་གི་དབང་བོའི་ནུས་སྟོབས་ལ་དཔག་པའི་རོལ་མྱོང་བྱེད་ཀྱིན་ཡོད་པ་ལས། མི་གཞན་དང་ཚོགས་སྡེ་གཞན་གྱི་ངོ་ཚབ་བྱས་ནས་རོལ་མྱོང་བྱེད་ཐབས་མེད་པ་ཞིག་ཡིན།
གོང་གི་རྒྱུ་མཚན་དེ་དག་ངེས་ཟིན་པའི་རྗེས་སུ། སྙན་ངག་ཅེས་པ་དེ་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་བྱེད་ཀྱི་རིག་གནས་ཤིག་མིན་པར། གང་ཟག་སྒེར་གྱི་ནང་སེམས་ཁམས་ན་མྱོང་བཞིན་པའི་དགའ་སྐྱོ་ཆགས་སྡང་གི་མྱོང་ཚོར་རི་མོར་ཕབ་པའི་སྒྱུ་རྩལ་གྱི་རྣམ་པ་ཚད་གཞི་མཐོ་ཤོས་ཤིག་ཡིན་པའི་གནས་བབ་ངོ་འཕྲོད་འབྱུང་ཐུབ་པ་དང་། དེ་ལ་བརྟེན་ནས་སྙན་ངག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་ཐུབ་མིན་དང་། སྤྱི་ཚོགས་ལ་སྙན་ངག་གིས་དགོས་མཁོ་ཡོད་མེད་ཀྱི་དྲི་བ་དེ་རིགས་སྙན་ངག་ལ་འདྲི་མིི་འོས་པའི་དྲི་བ་ཤ་སྟག་ཡིན་པ་ཤེས་རྟོགས་བྱ་དགོས།

དྲི་བ། བོད་དུང་། Tibet patriot 14
མིའི་རིགས་ཀྱི་ལོ་རྒྱུས་ཀྱི་སྟེང་དུ་སྙན་ངག་ཅེས་པ་འདིས་ས་མིག་ག་ཙམ་ཞིག་བཟུང་ཡོད་དམ་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཟེར་ན་ཧ་ཅང་རྒྱ་ཆེན་པོ་རེད། འཇིག་རྟེན་རིལ་བོ་འདིའི་ཁོར་ཡུག་སྣ་ཚོགས་སུ་མི་རིགས་མི་འདྲ་བ་སྟོང་ཕྲག་དང་ཁྲི་ཕྲག་རེད། སྐད་རིགས་མི་འདྲ་བ་སྣ་ཚོགས་རེད། དེ་དག་རེ་རེའི་སྤྱི་ཚོགས་བྱེ་བྲག་པའི་ཁྲོད་ན་རང་རང་གིས་འདོད་པའི་སྙན་ངག་གིས་ཁོང་ཚོའི་ལོ་རྒྱུས་ཀྱི་གོ་བབ་ཅི་ཙམ་བཟུང་ཡོད་མེད་འཚོལ་དགོས་ན་ཧ་ལམ་མི་ཚེས་འདང་མི་ཐུབ་པའི་ཚོད་ཡིན་རྒྱུ་རེད། ཡིན་ནའང་འཛམ་གླིང་གི་ཤེས་རིག་ལ་ཤུགས་རྐྱེན་ཆེ་ཞིང་། ཆོས་ལུགས་དང་ལྟ་གྲུབ་མང་དག་གི་འབྱུང་ཁུངས་ཨ་མ་ལྟ་བུ་ཞིག་ནི་རྒྱ་གར་ཡིན་ལ། རྒྱ་གར་གྱི་མི་དང་སྙན་ངག་འདྲེས་ནས་ཡོད་ལ། རྒྱ་གར་གྱི་སྤྱི་ཚོགས་དང་སྙན་ངག་འདྲེས་ནས་ཡོད། རྒྱ་གར་དང་སྒྱུ་རྩལ་གཉིས་ངོ་བོ་དབྱེར་མེད་ལྟ་བུ་ཡིན།
ཆེས་གདོད་མའི་དུས་ནས་རྒྱ་གར་དུ་དྲང་སྲོང་རྒྱས་པ་བྱ་བ་ཞིག་གིས་སྙན་ངག་གི་བསྟན་བཅོས་བྷ་ར་ཏ་བྱ་བ་བརྩམས་ཤིང་། ཚོགས་བདག་གླང་སྣ་ཅན་གྱིས་ཡིག་མཁན་བྱས་པར་གྲགས་པའི་གཏམ་རྒྱུད་ཅན། དེ་ལ་གཞུང་ཚད་ཤོ་ལོ་ཀ་འབུམ་ཕྲག་ལྷག་ཡོད་པར་གྲགས་པ་དང་། དྲང་སྲོང་གྲོག་མཁར་གྱིས་བརྩམས་པར་གྲགས་པའི་སྙན་ངག་རིང་མོ་རཱ་མ་ཡ་ན་ཞེས་པ་སྟེ། དགའ་བྱེད་རཱ་མ་ཎ་དང་རོལ་རྙེད་མའི་ལོ་རྒྱུས་དང་སྦྱར་བ་ཤོ་ལོ་ཀ་འབུམ་ཡོད་པར་གྲགས་པ་སོགས་དེ་དག་ནི། སྙན་ངག་ཙམ་ཞིག་གི་གནས་བབ་ལས་རིང་དུ་འདས་ཏེ། རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་དང་། རྒྱ་གར་གྱི་ལོ་རྒྱུས། རྒྱ་གར་གྱི་མིའི་སྤྱི་ཚོགས་དར་འཕེལ་བྱུང་བའི་དཔལ་ཡོན་ཡོངས་རྫོགས་དང་ཐ་མི་དད་པ་ལྟ་བུའི་ནུས་པ་ཐོན་གྱིན་ཡོད་ལ། དུས་ད་ལྟའང་རྒྱ་གར་གྱི་མི་གྲངས་དུང་ཕྱུར་བཅུ་གསུམ་ལ་སྙན་རྩོམ་རིང་མོ་འདི་དག་གིས་ཤུགས་རྐྱེན་ཐེབས་པ་ནི་ང་ཚོའི་གཞོན་སྐྱེས་ཚོས་དཔལ་དོན་གྲུབ་རྒྱལ་གླེང་བ་དང་བསྡུར་ཐབས་མེད་པར་ཁོང་ཚོའི་རིག་གནས་ཀྱི་སྣ་སྒོར་མོ་ནས་སྙན་ངག་དེ་དག་དང་ངོ་བོ་དབྱེར་མེད་ལྟ་བུར་གྱུར་ནས་ཡོད་པ་ཞིག་ཡིན།
རྒྱུ་མཚན་དེ་འདྲའི་ཐོག་ནས་རྒྱ་གར་གྱི་བྱུང་རབས་ལོ་རྒྱུས་དང་། སྤྱི་ཚོགས་རིག་གནས། རྩོམ་རིག་སོགས་གང་གི་ཆ་ནས་བལྟས་ཀྱང་སྙན་ཚིག་རིག་པས་བཟུང་བའི་གོ་བབ་ནི་ཆུང་ཆུང་དང་ཉུང་ཉུང་ཞིག་གཏན་ནས་མ་རེད། འདི་ཚོ་དང་བསྡུར་ན་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་ཟེར་བ་སོགས་གླང་ཆེན་གྱི་དོ་ཡ་ལ་ར་མ་བཞག་པ་ལྟ་བུ་ཞིག་ཡིན་ཚོད་དེ། འདི་འདྲའི་ཐོག་ནས་བསམས་ཚེ་རྒྱ་གར་ལྟ་བུ་ལ་སྙན་ངག་གིས་མི་དམངས་སྤྱིའི་རིག་གནས་ཀྱི་འཚོ་བའི་ནང་གི་གནས་བབ་ཚད་མཐོ་ཤོས་ཤིག་བཟུང་ཡོད་པ་མཐོང་ཐུབ་པ་ཡིན།
དམག་ཆེན་གཉིས་པ་མཇུག་རྫོགས་པ་དང་། ཨ་རི་དང་ཝི་ཐི་ནཱམ་གྱི་དམག་འཁྲུག ཀོ་རི་ཡའི་དམག་འཁྲུག་སོགས་འཛམ་གླིང་རང་བཞིན་གྱི་དམག་འཁྲུག་མང་བོ་བྱུང་བ་ལ་སུན་སྣང་སྐྱེས་ཏེ་ནུབ་ཕྱོགས་ཀྱི་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་མི་བྱེད་པ་དང་། ལས་ཀ་མི་བྱེད་པ། གཙང་སྦྲ་མི་བྱེད་པ། རང་གི་མ་འོངས་མདུན་ལམ་བསམ་གཞིགས་མི་བྱེད་པ་སྟེ། ཁོང་ཚོ་སྡེབས་དང་སྡེབས་བྱས་ནས་བག་མེད་འཆལ་སྤྱོད་རིང་ལུགས་སུ་ཐིམ་པ་དང་། འཁྲིག་སྤྱོད་ཀྱི་གསར་བརྗེའི་ལས་འགུལ་ཟེར་བ་སོགས་ནུབ་ཕྱོགས་ལོ་རྒྱུས་ཐོག་གི་ཧེ་ཕིས་(Hippie)ཞེས་པ་དར་ཁྱབ་བྱུང་ནས་སྤྱི་ཚོགས་ཧྲིལ་བོ་བག་མེད་འཆལ་སྤྱོད་ལ་ཐིམ་དུས་སྐབས་ཤིག་བྱུང་ཡོད། དེ་ལ་བརྟེན་ནས་རྒྱ་གར་གྱི་ཧ་རི་རཱ་མ་ཧཱ་རི་ཞེས་པའི་ཆོས་ལུགས་དེ་ཚོར་འཇུག་མཁན་གྱི་ནུབ་ཕྱོགས་པ་མང་བོ་བྱུང་བ་དང་། དུས་སྐབས་དེར་འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་རོལ་དབྱངས་དང་གླུ་གཞས་ཚོགས་པ་ལམ་ལྷོངས་ཆེ་ཤོས་སུ་གྲགས་པ་(The Beatles)འཛུགས་མཁན་ཏེ། དབྱིན་ཡུལ་ནས་ཡིན་པའི་འཛམ་གླིང་གི་གཞས་པ་དང་གཞས་ཚིག་རྩོམ་མཁན་གྲགས་ཆེན་དང་། པི་ཝང་(གྷི་ཋར་)བདུང་མཁན།

རྗོན་ལི་ནིན་(John Lennom, 1940-1980)

ཞི་བདེའི་ལས་འགུལ་རྩོམ་མཁན་རྗོན་ལི་ནིན་(John Lennom, 1940-1980)ཁོང་རྒྱ་གར་གྱི་ཧུན་རྡུའི་ཆོས་པ་ལད་པོ་ཚོས་ཉལ་ཐ་འཐེན་ནས་སྐྱིད་ཉལ་རྒྱག་སའི་ས་ཆ་ཞིག་སྟེ། རི་ཤིས་ཀེ་ཤིས་ལ་སླེབས་ནས་ཧིན་རྡུའི་ཆོས་ལུགས་པ་བག་ཡངས་ལྡན་པ་དེ་ཚོ་དང་མཉམ་སྡོད་བྱས་པས། ས་གནས་དེ་འཛམ་གླིང་ལ་གྲགས་པ་བྱུང་ནས་ད་ལྟའང་རྒྱལ་གར་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་གྱི་ནུབ་ཕྱོགས་པ་ཕལ་མོ་ཆེ་གནས་དེར་ལན་གཅིག་འགྲོ་ངེས་པ་ལྟ་བུར་གྱུར་པ་དང་།

ཨོ་ཤོས་(OSHO, 1931-1990)

རྒྱ་གར་གྱི་ཉེ་རབས་ལོ་རྒྱུས་ཐོག་གི་ཆོས་ལུགས་ཀྱི་སློབ་དཔོན་སྐད་གྲགས་ཅན་ཨོ་ཤོས་(OSHO, 1931-1990) ཀྱང་ཆོས་ལུགས་དང་འཁྲིག་སྤྱོད་གཉིས་མཉམ་བསྲེས་བྱས་པའི་གསར་བརྗེའི་ཆོས་ལུགས་སྤེལ་བ་ལ་ནུབ་ཕྱོགས་གཙོ་བོར་གྱུར་པའི་སློབ་ཚོགས་རྒྱ་ཆེན་འདུས་ཏེ་སྙན་གྲགས་འཛམ་གླིང་ལ་ཁྱབ་པ་ལྟ་བུ་དང་།

ཆོས་རྒྱམ་དྲུང་བ་སྤྲུལ་སྐུ།(1939-1987)

ནུབ་ཕྱོགས་སུ་བོད་ཀྱི་ནང་ཆོས་སྤེལ་མཁན་ཐོག་མའི་གྲས་ཆོས་རྒྱམ་དྲུང་བ་སྤྲུལ་སྐུས་ཀྱང་(1939-1987)གསང་སྔགས་དང་འཁྲིག་བདེ་མཉམ་སྤྱོད་བྱེད་པའི་ཆོས་ལུགས་སྤེལ་བ་ཧ་ཅང་ལམ་ལྷོངས་ཆེན་པོ་བྱུང་བ་སོགས་དུས་སྐབས་དམིགས་བསལ་བ་དེའི་ནང་དུ། ནུབ་ཕྱོགས་སུ་སྙན་ངག་གི་བསྟན་པ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་མྱོང་ནའང་། དུས་རབས་ཉི་ཤུ་བའི་དུས་མཇུག་ལ་སླེབས་ནས་ཡོང་སྐབས་གཞོན་སྐྱེས་ཚོས་སྐྲ་དང་ཁ་སྤུ་བྲེགས་ནས་གཙང་སྦྲའི་ལམ་དུ་ཞུགས་པ་དང་། དཔལ་འབྱོར་བསྐྱར་དར་དང་ཚན་རིག་དང་བཟོ་ལས་ལག་རྩལ་སོགས་ལ་དོ་སྣང་བསྐྱར་དུ་བྱུང་སྟེ། འཛམ་གླིང་གི་མི་ཡིན་ནོ་ཅོག་རྒྱུ་དངོས་འཚོལ་སྒྲུབ་ལ་འཇུག་མགོ་བརྩམས་ཤིང་། དཔེ་ཆ་ཀློག་མཁན་ལྡབ་དང་ལྡབ་ཀྱིས་ཇེ་ཉུང་དུ་སོང་བར་གྲགས་པ་དང་། ད་ལྟ་བུད་མེད་ཀྱི་ནང་ན་དཔེ་དེབ་ཀློག་མཁན་དང་ལྷག་པར་དུ་སྒྲུང་རྩོམ་ཀློག་མཁན་གང་འཚམ་འབྱུང་གིན་ཡོད་པ་ལས། སྐྱེས་པ་ཕོ་ཡི་ནང་ན་དཔེ་ཆ་ཀློག་མཁན་ཆེས་ཉུང་ངུ་ལས་འབྱུང་གིན་མེད་པའི་དུས་སྐབས་ཤིག་ལ་སླེབས་ཡོད་པའི་ངོས་འཛིན་བྱེད་བཞིན་པ་སྟེ། སྤྱིར་བཏང་ནས་སྙན་ངག་འབྲི་མཁན་དང་ཀློག་མཁན་གཉིས་ལས་འབྲི་མཁན་མང་བར་བཤད་སྲོལ་ཡོད་པ་ལྟར། སྙན་ངག་ལ་ཀློག་མཁན་མང་བོ་མི་རག་ཀྱང་། ད་ལྟ་དེ་བས་ཀྱང་སྙན་ངག་ཀློག་མཁན་ཆེས་ཉུང་ཤོས་ཀྱི་དུས་ཚོད་ཅིག་གི་ནང་དུ་ང་ཚོ་མདུན་སྐྱོད་བྱེད་ཀྱིན་ཡོད། རྒྱུ་མཚན་འདི་འདྲའི་ཐོག་ནས་བསམས་ན་ང་ཚོས་འཇིག་རྟེན་ཐོག་སྙན་ངག་གིས་རྩོམ་རིག་གི་གནས་བབ་ག་ཚད་བཟུང་ཡོད་མེད་དང་། འབྱུང་འགྱུར་གྱི་གནས་བབ་ལའང་ཚོད་དཔག་རོབ་ཙམ་བྱ་ཐུབ་པ་མ་ཡིན་ནམ།

དྲི་བ། བོད་དུང་། Tibet patriot 15
རང་མོས་སྙན་ངག་གི་རྩོམ་ལུས་འདི་ལ་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན་ལོ་རབས་སམ་ཡང་ན་དུས་རབས་ག་ཙམ་གྱི་སྟེང་ལ་འབྲི་འགོ་ཚུགས་པ་རེད།

ཝོལ་ཋི་ཝེ་ཋི་མཎ་(Walt Whitman1819 –1892)


དྲིས་ལན། ཧོར་གཙང་འཇིགས་མེད།
རང་རེའི་བོད་ལ་དར་མགོ་ཚུགས་ནས་ཡུན་རིང་མ་སོང་བའི་རང་མོས་སྙན་ངག་ཏུ་འབོད་པ་འདིའི་རྩ་བའི་ཐབས་ལམ་ཙམ་ནི། ཆེས་ཐོག་མར་སྤྱི་ལོའི་དུས་རབས་བཅུ་དགུ་བའི་ནང་ཨ་མི་རི་ཁའི་རང་དབང་ཚིགས་བཅད་ཀྱི་ཕ་ཡབ་ཏུ་འབོད་པ་ཝོལ་ཋི་ཝེ་ཋི་མཎ་(Walt Whitman1819 –1892)
གྱིས་རྩྭ་ཡི་འདབ་ལོ་ཞེས་པའི་སྙན་རྩོམ་བདམས་བསྒྲིགས་དཔེ་སྐྲུན་བྱས་པ་སོགས་ཁོང་གིས་དུས་སྐབས་དེར་རྩོད་རྙོག་ཅན་གྱི་རྩོམ་སྲོལ་འདི་གསར་བཏོད་གནང་བ་དང་། རིམ་གྱིས་རྩོམ་སྲོལ་དེ་ཨ་མི་རི་ཁའི་གཞོན་སྐྱེས་ཚོའི་ཚོའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་བར་མ་ཟད། ཨ་རི་བྱང་མའི་ཁའི་གླིང་ལས་བརྒལ་ཏེ་ནུབ་ཡོ་རོབ་གླིང་ཡོངས་རྫོགས་ལ་ཁྱབ་གདལ་དུ་ཕྱིན་པར་གྲགས།
ད་དུང་སྤྱི་ལོའི་དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་རྩོམ་སྲོལ་གསར་བ་འདི་ཨེ་ཤ་ཡའི་གླིང་དུའང་སླེབས་འདུག་པ་དང་། རྒྱ་ནག་ལའང་རྩོམ་སྲོལ་འདིའི་ཤུགས་རྐྱེན་ཐེབས་མགོ་ཚུགས་ཡོད།

དེ་ཡང་དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་ཨ་མའི་རི་ཁའི་ཉོའུ་ཡོཀ་ཞིང་ཆེན་གྱི་ནུབ་བྱང་གི་སྟོད་ན་ཡོད་པའི་སྐད་གྲགས་ལྡན་པའི་ཁོར་ནེལ་(Cornell University)གཙུག་ལག་སློབ་ཆེན་གྱི་ནང་དུ་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཧུ་ཧྲི་(胡适, 1891-1962)བྱ་བས་རྩོམ་སྲོལ་གསར་བ་འདི་འབྲི་ཐབས་ལ་འབད་བརྩོན་བྱས་ཏེ།

ཧུ་ཧྲི་(胡适, 1891-1962)

སྤྱི་ལོ་༡༩༡༦ ལོའི་ཟླ་༧ ནང་ནས་ཁོང་གིས་རང་མོས་སྙན་ངག་འབྲི་མགོ་བརྩམས་ཤིང་། སྤྱི་ལོ་༡༩༢༠ ལོར་ཁྲང་ཧྲི་ཅིས་ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་ཤིག་དཔར་སྐྲུན་བྱས་འདུག་པ་དེ་ནི། རྒྱ་ནག་ཏུ་རང་མོས་སྙན་ངག་གི་དཔེ་དེབ་དཔར་སྐྲུན་བྱས་པ་ཆེས་ཐོག་མ་དེ་ཡིན་པ་དང་། དཔེ་དེབ་དཔར་ཐེངས་དང་བོར་དེབ་གྲངས་ཆིག་ཁྲི་ཙམ་གྲིམ་པར་གྲགས་ཤིང་སྐབས་དེའི་རྒྱ་ནག་གི་ན་གཞོན་ཤེས་ཡོན་པའི་སྤྱི་ཚོགས་སུ་མགྱོགས་མྱུར་ངང་ཁྱབ་གདལ་ཆེན་པོ་ཕྱིན་ཡོད་ཚོད་འདུག

ཀའོ་མོ་རོ་(郭沫若,1892-1978)

ད་ལྟ་ང་ཚོས་བལྟས་ན་རྒྱ་ནག་དམར་ཤོག་གི་སྙན་ངག་པ་ཆེན་མོ་ཀའོ་མོ་རོ་(郭沫若,1892-1978)ལའང་ཨ་རི་ནས་བྱུང་བའི་སྙན་ངག་རྩོམ་སྲོལ་གསར་བ་འདིས་ཤུགས་རྐྱེན་ཐེབས་ཡོད་ངེས་སྙམ་སྟེ། ཁོང་གིས་སྤྱི་ལོ་༡༩༡༩ ལོའི་ཟླ་༡༢ པའི་ཟླ་མཇུག་ཏུ། སའི་གོ་ལ་ངའི་མ་ཡུམ་ཞེས་པའི་སྙན་ངག་ཅིག་བྲིས་པ་ལ་ཕྱིས་སུ་སྐད་གྲགས་ཆེན་པོ་བྱུང་རབས་བཤད་པ་ལ་བལྟས་ན། དུས་རབས་ཉི་བའི་མགོ་སྟོད་དེར་རྒྱ་རིགས་གཞོན་སྐྱེས་ཤེས་ལྡན་པའི་ཁྲོད་དུ་རྩོམ་སྲོལ་གསར་བ་འདི་དང་ལེན་བྱས་ཏེ་སྙན་ངག་མང་བོ་ཞིག་བྱུང་ཡོད་ཚོད་འདུག་ནའང་། སྐབས་དེ་ཤེད་དུ་བོད་དང་རྒྱའི་མཁས་པ་ཚོའི་བར་ལ་འབྲེལ་ལམ་གང་ཡང་མེད་པའི་དབང་གིས་བོད་ཡུལ་དུ་རྩོམ་སྲོལ་གསར་བ་འདི་དར་ཁྱབ་འབྱུང་བ་ཕར་ཟད། འདིའི་མིང་ཤེས་མཁན་ཙམ་ཡང་ཧ་ལམ་བྱུང་མེད་ཚོད་འདུག
རིག་གནས་གསར་བརྗེ་ཆེན་པོར་འབོད་པའི་རླུང་འཚུབ་ཡ་ང་བའི་ནང་དུ་རྩོམ་སྲོལ་འདིའི་རྩོམ་འགྲོས་ལྡན་པའི་ཡིག་ཆེན་གསར་འགྱུར་དང་། དགག་རྒྱག་གི་འབོད་ཚིག འཐབ་རྩོད་ཀྱི་ཁ་གཡང་སོགས་བེད་སྤྱོད་ཤུགས་ཆེན་བྱས་ཡོད་པར་སྣང་ཡང་། དེ་ནི་རྩོམ་རིག་གི་རིན་ཐང་གི་ཐོག་ནས་ལྟ་ས་མེད་པར་དུས་སྐབས་དམིགས་བསལ་བ་ཞིག་གི་ཆབ་སྲིད་ཀྱི་འབོད་སྒྲ་མཚོན་བྱེད་ཅིག་ཡིན།
སྤྱི་ལོ་སྤྱི་ལོ་༡༩༧༦ ལོའི་ཟླ་༡༠ ཚེས་༦ ཉིན་མི་བཞི་ཤོག་ཁག་མགོ་རྟིང་སློག་པའི་ཁྱབ་བསྒྲགས་བྱས་ཏེ་དགག་རྒྱག་སྐྱོན་བརྗོད་ཀྱི་ལས་འགུལ་ཆེན་པོ་བྱུང་བ་སོགས་སྐབས་དེ་དག་ཏུ་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་སྐྱོན་བརྗོད་ཐེར་འདོན་དང་དགག་རྒྱག་གི་རྩོམ་ཡིག་འབྲི་མཁན་ཁག་ཅིག་ཆེད་འཛུགས་བྱས་ཡོད་པ་ལས་གཞན་པའི་རྩོམ་ཡིག་འབྲི་ཆོག་པའི་ཐོག་ཐང་ཡོད་མཁན་མེད་པར་གྱུར་ནས་ལོ་ངོ་ཉི་ཤུ་ལྷག་སོང་ཡོད།
སྤྱི་ལོ་༡༩༧༨ ལོའི་ཟླ་༡༢ ཚེས་༡༨ ། ༢༢ བར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་(中国共产党第十一届中央委员会第三次全体会议,简称中共十一届三中全会)འཚོགས་པ་ནས་རིམ་གྱིས་སྲིད་ཇུས་ཁག་ལ་འགྱུར་བ་ཐེབས་ཏེ། ཆོས་ལུགས་ཀྱི་འདུ་ཚོགས་ངེས་ཅན་ཞིག་སྤེལ་ཆོག་པ་དང་། བོད་ཡིག་སློབ་ཁྲིད་བྱེད་པའི་གོ་སྐབས་གསར་བ་བྱུང་བ་དང་སྡོངས་ནས་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་དུ་མང་ཚོགས་རང་བཞིན་གྱི་རྩོམ་ཡིག་འབྲི་མཁན་ཁག་ཅིག་འབྱུང་གིན་ཡོད།

རྒྱ་ནག་ཏུ་རང་མོས་སྙན་ངག་དར་ནས་ལོ་ངོ་༧༠ ཡས་མས་སོང་བའི་སྐབས་ཏེ་སྤྱི་ལོ་༡༩༨༣ ཙམ་ལ་སྐབས་དེའི་རང་རེའི་ན་གཞོན་རྩོམ་པ་བོ་གྲགས་ཆེན་དོན་གྲུབ་རྒྱལ་གྱིས་རྒྱ་ནག་ལ་དར་ཁྱབ་ཆེ་བའི་སྙན་ངག་འབྲི་སྲོལ་གསར་བ་དེ་བོད་ཡུལ་ལ་དྲངས་ཏེ། བོད་ཡིག་གི་ལམ་ནས་ལང་ཚོའི་རྦབ་ཆུ་ཞེས་པའི་སྙན་ངག་གསར་རྩོམ་གནང་བ་ལ་བརྟེན་ནས་རྩོམ་སྲོལ་འདི་བོད་དུ་དར་མགོ་ཚུགས་པ་དང་། དུས་ཡུན་ཧ་ཅང་ཐུང་ངུའི་ནང་བོད་ཀྱི་སློབ་གྲྭ་ཁག་གི་སློབ་མ་གཙོ་བོར་གྱུར་པའི་གཞོན་སྐྱེས་ཚོས་དང་ལེན་བྱས་པ་སོགས་བློ་མངའ་སེམས་གསལ་ཡིན་པས་འདིར་བསྐྱར་ཟློས་བྱ་རྒྱུ་མིན།

དྲི་བ། བོད་དུང་། Tibet patriot 16
ང་ཚོ་བོད་ལྟ་བུ་ལ་མཚོན་ན་སྙན་ངག་ཅེས་པ་འདིས་བོད་མིའི་རིགས་ཀྱི་རིག་གནས་ཀྱི་ས་གནས་ག་ཚོད་ཙམ་ཞིག་བཟུང་ཡོད་དམ།

དྲིས་ལན། ཧོར་གཙང་འཇིགས་མེད།
དྲི་བ་འདི་ནི་གོང་གི་དྲི་བ་བཅུ་བཞི་བས་མ་འཐུས་པ་མེད་པ་ལྟ་བུ་ཡིན་ནའང་། ཁྱེད་ཀྱིས་ལོགས་སུ་བཀར་ནས་དྲིས་ཡོད་སྟབས་ལན་སྟབས་བདེ་ཞིག་འབུལ་རྩིས་ཡིན།
གོང་གི་དྲི་བ་བཅུ་བཞི་བའི་ལན་འདེབས་ངེས་ཟིན་ཏེ་ཁ་ཚུར་འཁོར་ནས་རང་རེའི་བོད་ཀྱི་གནས་སྟངས་ལ་བལྟས་ན། སྔར་དབུས་གཙང་གི་སྐུ་དྲག་ཚོའི་ནང་དུ་སྙན་ངག་ལ་འཛིན་པའི་གཏམ་དཔེ་ཞིག་བྱུང་ཡོད་པ་ནི། སྙན་ངག་སུམ་རྟགས་ལྐུག་པའི་ལོག་སྐད་ཡིན། ། ཞེས་ཟེར་སྲོལ་བྱུང་བ་དེ་ཡིན་ལ། གཏམ་དཔེ་དེའི་ཐོག་ནས་སྙན་ངག་གིས་བོད་མིའི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་གོ་བབ་ཅི་ཙམ་བཟུང་ཡོད་མེད་ཤེས་རྟོགས་བྱ་ཐུབ་པ་ཞིག་ཡིན།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་ང་རང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡོད་སྐབས། སུ་ཞིག་གིས་སྙན་ངག་ཚིགས་བཅད་རེ་བྲིས་ན་དྲི་བ་འདྲི་ངེས་ཡིན་པ་དེ་ནི། ཁྱོད་ཀྱིས་སུ་ཞིག་ལ་བསྟོད་པ་བྲིས་ཡོད་ཅེས་བཀའ་འདྲི་གནང་བ་དེ་ཡིན། བོད་མི་མ་ཡིན་པ་ཞིག་གིས་ཚིག་དེ་ཐོས་མ་ཐག་ཏུ་ཚོར་བ་ཁྱད་མཚར་ཞིག་སྟེར་ངེས་ཡིན་ལ། རྩོམ་རིག་ལ་སྦྱང་མྱོང་ཡོད་མཁན་གྱི་བོད་མི་གཞོན་སྐྱེས་ཤིག་གིས་གོ་ནའང་མ་བདེ་བའི་སེམས་ཚོར་ཞིག་སྐྱེ་ངེས་ཡིན། དེའི་རྒྱུ་མཚན་ནི། སྙན་ངག་ནི་སྙན་ངག་ཡིན་པ་ལས་བསྟོད་པ་ཞིག་ག་ལ་ཡིན། འོན་ཀྱང་སྔར་གྱི་དགོན་སྡེའི་ནང་གི་དགེ་འདུན་པ་ཚོས་ངོས་འཛིན་དེ་ལྟར་གནང་བ་ལ་ཁག་མེད་དེ། དེ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་དང་འབྲེལ་ནས་ཡོང་བ་ཞིག་ཡིན། སྔོན་ཆད་ངས་མཐོང་མྱོང་ཡོད་པའི་དཔེ་ཆ་ཞིག་ཏུ་མདོ་ལུང་དྲངས་ནས་རབ་ཏུ་བྱུང་བ་ཞིག་གིས་སྙན་ངག་བྲིས་ན་སྐྱེ་བ་ཕྱི་མར་སྐད་སྙན་པོ་ཡོད་པའི་བྱེའུ་ཞིག་ཏུ་སྐྱེས་པར་གསུངས་ཡོད་པ་དྲན་ཞིང་། རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་དང་མ་འབྲེལ་བའི་བྲེལ་མོའི་གཏམ་ལ་སོགས་པ་ངག་འཁྱལ་གྱི་ཉེས་པར་བགྲང་བ་ཡིན་པས། ཆོས་དང་མ་འབྲེལ་བའི་ཆགས་སྡང་རྨོངས་གསུམ་བརྗོད་བྱར་བྱས་པའི་སྙན་ངག་འབྲི་སྲོལ་མེད་པའི་དབང་གིས། སྙན་ངག་འབྲི་དགོས་ན། ལྷ་དང་བླ་མ། ཡི་དམ་ཆོས་སྲུང། དཔའ་བོ་མཁའ་འགྲོ་ལྟ་བུའི་ཡོན་ཏན་བརྗོད་པ་ཞིག་ངེས་པར་དུ་དགོས་པའི་རྐྱེན་གྱིས། དགོན་སྡེའི་དགེ་འདུན་པ་རྣམས་ལ་སྙན་ངག་ཡིན་ན་བསྟོད་པ་ཡིན་པས་ཁྱབ་པ་ལྟ་བུའི་འདུ་ཤེས་འཛིན་སྟངས་ཤིག་གྲུབ་ནས་ཡོད་པ་དེ་ཡིན། དཔེར་ན་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བསྟོད་ཆེན་བཞི་དང་། ཆོས་རྒྱལ་གྱི་བསྟོད་པ་བསྐྱངས་སྐུམ་མ། ཁྲོ་བོ་མི་གཡོ་བའི་སྟོད་པ། ལྷ་མོ་དབྱངས་ཅན་མའི་བསྟོད་པ་སོགས་སྙན་ངག་ཕུལ་དུ་བྱུང་བ་དེ་རིགས་བསྟོད་རྩོམ་ཤ་སྟག་ཡིན་པ་ལ་རྒྱུ་མཚན་མེད་པ་ཞིག་མིན་ལ། ཁོང་རྣམ་པ་ཚོས་ང་ལ་འདོད་ཆགས་ལང་གིན་འདུག ངས་ཁྱོད་དྲན་གྱིན་འདུག ཁྱོད་མེད་ན་ངའི་མི་ཚེ་སྟོང་བ་རེད་ཟེར་བ་ལྟ་བུ་འབྲི་མ་ཤེས་པ་དང་འབྲི་བའི་ནུས་པས་མ་འདང་བ་ག་ལ་ཡིན།
གནས་ཚུལ་འདིའི་ཐོག་ནས་སྔར་གྱི་བོད་མིའི་སློབ་གྲྭའམ་རིག་གནས་ཀྱི་བསྟི་གནས་ཆེན་པོ་དེ་དག་ཡོད་ཚད་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ས་ཤ་སྟག་ཡིན་པའི་དབང་གིས། འཇིག་རྟེན་སྤྱི་ལུགས་དང་མཐུན་པའི་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་མང་བོ་མ་བྱུང་བའང་དེ་ལ་ཐུག་ནས་ཡོད་པ་དེ་ཤེས་རྟོགས་བྱེད་ཐུབ་པ་ཞིག་ཡིན།
སྤྱི་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་ནས་བོད་མི་གཞོན་སྐྱེས་ཡི་གེ་ཤེས་མཁན་ཕལ་ཆེར་ཞིག་སྙན་ངག་འབྲི་མཁན་དུ་གྱུར་ཅིང་། མི་རིགས་ཧྲིལ་བོའི་མ་འོངས་པར་གྲགས་པའི་གཞོན་སྐྱེས་ཚོས་མི་རིགས་གཞན་པ་ནང་བཞིན་ཞིང་ལས་རིག་པ་དང་། སྐྱེ་དངོས་རིག་པ། འཕྲུལ་ལས་རིག་པ། བཟོ་ལས་རིག་པ། དཔལ་འབྱོར་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་སོགས་འཛམ་གླིང་ཧྲིལ་བོའི་ན་གཞོན་ཤེས་ལྡན་པ་དག་གི་རང་རང་གི་མི་ཚེའི་མདུན་ལམ་གསར་སྐྲུན་བྱེད་པའི་ལག་ཆར་སྤྱོད་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་གོང་འཕེལ་དུ་གཏོང་བྱེད་ཀྱི་ལག་ཆར་ངོས་འཛིན་བྱེད་པའི་རིག་གནས་དེ་དག་ལ་སྦྱོང་མཁན་ཞིག་ཧ་ལམ་མེད་པ་ལྟ་བུར་གྱུར་ནས། ཤེས་ཡོན་ཅན་ཡིན་ན་སྙན་ངག་པ་ཡིན་པས་ཁྱབ་པ་ལྟ་བུའི་དུས་ཚོད་ཁྱད་མཚར་ཞིག་བརྒྱུད་མྱོང་བ་དང་། ད་ལྟའང་ཕྱོགས་ངོས་གཅིག་ནས་བལྟས་ན་སྔར་གྱི་རླབས་རྒྱུན་དེ་འཇགས་མེད་པར། བོད་མི་གཞོན་སྐྱེས་མང་བོ་ཞིག་གིས་རང་གི་སྐད་འཕྲིན་གྱི་བར་སྟོང་སོགས་སུ། སྙན་ངག་གི་དོན་དུ་ཅི་ཡང་གཏོང་ཕོད། ཟེར་བ་སོགས་མ་སྨིན་པའི་བསམ་བློའི་ཚོན་མདོག་ལྡན་པའི་ཐལ་ཆ་ཅན་གྱི་ཚིག་དང་ཚིག་སྒྲུབ་མང་བོ་ཞིག་མཐོང་དུ་ཡོད་པ་དེ་ནི། ད་ལྟའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་ན་གཞོན་ཤེས་ཡོན་པ་ཁག་དང་སྙན་ངག་གི་འབྲེལ་ཐག་མཚོན་བྱེད་ཅིག་ཡིན་ནམ་སྙམ།
འོན་ཀྱང་བོད་ཀྱི་ལོ་རྒྱུས་མགོ་ཚུགས་པ་ནས་ད་ལྟའི་བར། བོད་མིའི་སྤྱི་ཚོགས་ཀྱིས་དཔའ་བོར་བརྩི་བཀུར་བྱེད་པ་དང་། སྡར་མ་ལ་དམའ་འབེབས་གཏོང་བ། ཉམ་ཐག་ལ་རོགས་སྐྱོར་བྱེད་པ། ཆོས་ལུགས་དང་མཐུན་པའི་སྤྱི་ཚོགས་སྐྱོང་བ། རུ་སྡེ་དང་ཚོ་ཁག་གི་དོན་དུ་རང་སྲོག་བློས་གཏོང་བྱེད་དགོས་པ་དང་། དཔའ་བོ་དག་གིས་གཡུལ་འཁྲུག་གི་སྐབས་སུ་དཔའ་ཁེར་རྒྱུག་བྱེད་པ་ལས་རོགས་པ་མང་བོ་མཉམ་ཁྲིད་མི་བྱེད་པ། རང་གིས་མི་ཐུབ་པའི་དགྲ་བོ་གཞོམ་ཕྱིར་དཔུང་རོགས་ཁྲིད་དེ་རུབ་འཇོམས་མི་བྱེད་པ། འཐབ་ཡ་ཕར་འཁོར་ནས་འགྲོ་བཞིན་པའི་སྐབས་སུ་རྒྱབ་ལོགས་ནས་མཚོན་ཆ་མི་སྣུན་པ། རུ་སྡེ་ཕན་ཚུན་གཡུལ་དུ་ལངས་སྐབས་ཡུལ་ལྷ་གཞི་བདག་ལ་གསོལ་མཆོད་དང་དགྲ་ལྷའི་དཔུང་བསྟོད་བྱེད་པ། འདས་པའི་བྱུང་རབས་དང་། ད་ལྟའི་གནས་བབ། མ་འོངས་པ་ན་ཅི་ཞིག་བྱ་དགོས་མིན་སོགས་གཏམ་དཔེ་སྣོན་རྩེག་གི་ངང་ནས་བཤད་སྲོལ་ཡོད་སོགས་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་དང་འབྲེལ་བའི་སྙན་ངག་གིས་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡོངས་རྫོགས་ལ་ཁྱབ་པ་ལྟ་བུའི་རྩོམ་རིག་ཅིག་ད་སྔ་ཕན་ཆད་ལ་བོད་ཀྱི་སྤྱི་ཚོགས་ཁྲོད་བྱུང་མྱོང་མེད་པ་དངོས་ཡོད་གནས་ཚུལ་ཡིན།
དཔེར་ན་ད་ལྟའི་ང་ཚོའི་སྙན་ངག་ཏུ་འབོད་པའི་ནང་གི་འབོར་ཆེན་པོ་ཞིག་ལ་གོ་རྒྱུ་མེད་པ་དང་། མང་བོ་ཞིག་རབ་རིབ་དང་སབ་སིབ་ཀྱིས་གཡོགས་པ་ལྟ་བུའི་སྒྱུ་ཐབས་ལ་བརྟེན་ནས་གོ་རྒྱུ་ཟབ་མོ་ཞིག་ཡོད་མདོག་སྟོན་ཀྱང་དོན་གྱིས་གོ་མཁན་སུ་ཡང་འབྱུང་གིན་མེད་པ། མང་བོ་ཞིག་ནི་གྲོང་གསེབ་ཀྱི་གླུ་དང་གླུ་ཤགས་དགའ་རབ་ཅིག་གི་སྤུས་ཀ་ཡང་མེད་པའི་ཚིགས་བཅད་དམ་དུམ་དང་། ཚིག་རྐང་རབ་རིབ། མགོ་ཆད་རྔ་ལྡུམ་གྱི་རྣམ་པ་ལྡན་པའི་ཚིག་གི་ཟོག་རོ་སྤུངས་པ་ལྟ་བུར་གྱུར་ཡོད་པས། དེ་དག་འབྲི་མཁན་ནང་ཕན་ཚུན་ལ་སྐྱོ་རོགས་སྡུག་རོགས་ལྟ་བུ་བྱེད་པ་ལས་སྤྱི་ཚོགས་ཧྲིལ་བོར་ཁྱབ་པའི་ནུས་པ་ཅི་ཡང་མེད་ལ། བོད་མི་ཡིན་ནོ་ཅོག་གི་སེམས་ཁམས་ལ་ཟུག་པའི་གླིང་སྒྲུང་གི་ནུས་པའི་ཕྱེད་ཀའི་ཕྱེད་ཀའང་འདང་གིན་མེད་པ་ནི་སྔར་གྱི་བྱུང་རབས་དང་ད་ལྟའི་གནས་བབ་ཡིན་ནམ་སྙམ།།

དྲི་བ། བོད་དུང་། Tibet patriot 17
དོན་དམ་པར་རྩོམ་རིག་ཅེས་པ་འདི་མེད་ན་མིའི་རིགས་དང་ལྷག་ཏུ་བོད་མི་རིགས་ཀྱི་རིག་གནས་ཀྱི་རྣམ་པ་དེ་ཅི་འདྲ་ཞིག་ཡིན་སྲིད་དམ།

དྲིས་ལན། ཧོར་གཙང་འཇིགས་མེད།
ཁྱེད་ཀྱི་དྲི་བ་འདི་ནི་རྟག་པ་མཐའ་བཟུང་གི་དྲི་བ་ཞིག་རེད། གལ་སྲིད་ཅིག་མེད་ན་ཅི་འདྲ་ཞིག་ཡིན་མིན་ཤེས་ག་ལ་ཐུབ་སྟེ། གོང་དུའང་བཤད་པ་ལྟར་སྤྱིར་བཏང་རྩོམ་རིག་ཅེས་པའི་ཐ་སྙད་འཇུག་ཡུལ་ཙམ་ནི་ཆོས་ལུགས་དང་འབྲེལ་བའི་མཚན་ཉིད་རིག་པ་དང་ཚད་མ་རིགས་པའི་གཞུང་ཆེན་དེ་དག་ཙམ་ཞིག་མིན་པར། ཆོ་ག་དང་ཆོས་སྤྱོད་སོགས་དཔེ་ཆའི་རིགས་ཡོངས་རྫོགས་ཚུད་ཀྱིན་ཡོད་པ་དང་། དེ་བཞིན་དུ་གསོ་རིག་དང་ལོ་རྒྱུས། རྒྱལ་རབས་དང་གཏམ་རྒྱུད་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་རྩོམ་རིག་གི་ཐ་སྙད་འཇུག་ཡུལ་ཡིན་པས་ན། འགྲོ་བ་མིའི་འདུས་སྡོད་ཀྱི་སྤྱི་ཚོགས་ཤིག་ཡིན་ཕྱིན་དེ་ལ་རྩོམ་རིག་གི་དྲི་ཙམ་ཡང་མི་བྲོ་བའམ་རྦད་དེ་རྩོམ་རིག་དང་འབྲེལ་བའི་དོན་དག་ཅི་ཡང་མེད་པར་མུན་པ་ནག་ཁུང་ལྟ་བུ་ནི་ཡོང་མི་སྲིད་པ་ཞིག་ཡིན། གལ་སྲིད་མི་རིགས་གང་ཞིག་ལ་ཡིག་ཐོག་རྩོམ་རིག་མེད་པའི་དབང་དུ་བཏང་ཡང་ངག་ཐོག་གི་རྩོམ་རིགས་ཤིག་མེད་མི་སྲིད་པ་དང་། དེ་བཞིན་དུ་ས་མཆོང་གནམ་མཆོང་གི་བྲོ་གར་འཆམ་པ་དང་། རྭ་དང་སྨྱུག་མདོང་གིས་རོལ་དབྱངས་བྱེད་པ་སོགས་ཆེས་གདོད་མའི་དུས་ནས་མིའི་སྤྱི་ཚོགས་སུ་བཀོལ་སྤྱོད་བྱེད་སྲོལ་བྱུང་ཡོད་པས། སྒྱུ་རྩལ་ཞེས་པ་དང་རྩོམ་རིག་ཏུ་འབོད་པ། སྙན་ངག་ཏུ་གྲགས་པ་དེ་དག་ཐམས་ཅད་ཀྱང་མིའི་ནང་སེམས་ཀྱི་ཚོར་འདུའི་རླབས་ལྕེ་ལུད་པ་ཡིན་པས། མིའི་སེམས་ཀྱི་རྣམ་རྟོག་དང་ཆགས་སྡང་བར་མའི་ཚོར་སྣང་དེ་དག་ཡོད་མེད་ནི་ཡི་གེ་ཡོད་མེད་དང་འབྲེལ་བ་ཡོད་པ་ཞིག་མིན། དེས་ན་མིའི་རིགས་ཀྱི་འགྲོ་བ་ཡོད་ན་ཁ་སྟབས་མཐོ་དམན་ལ་མ་ལྟོས་པར་རྩོམ་རིགས་སུ་གཏོགས་པའི་འགུལ་སྐྱོད་ཅིག་མེད་མི་སྲིད་པ་ལྟ་བུ་ཞིག་ཡིན་ནམ་སྙམ།
འོན་ཀྱང་ཁྱེད་ཀྱི་དྲི་བ་ལྟར་གལ་སྲིད་རྟག་པ་མཐའ་བཟུང་གིས་མིའི་རིགས་ཀྱི་སྤྱི་ཚོགས་དང་བོད་མིའི་སྤྱི་ཚོགས་ཇི་འདྲ་ཞིག་ཡིན་མིན་བསམ་པ་ལ་དེ་ཙམ་དཀའ་ངལ་ཡོད་མི་སྲིད་དེ། གླུ་ལེན་རྒྱུ་མེད། བྲོ་འཁྲབ་རྒྱུ་མེད། རོལ་དབྱངས་འབུད་དཀྲོལ་རྡུང་གསུམ་མེད། ཡི་གེ་ཀློག་རྒྱུ་མེད། གཏམ་རྒྱུད་བཤད་རྒྱུ་མེད། མཚར་གཏམ་དང་ཤགས་འགྱེད་སོགས་རོ་ཉམས་ལྡན་པའི་སྐད་ཆ་བཤད་རྒྱུ་མེད། མི་དང་མིའི་བར་ལ་དགའ་སྐྱོ་ཆགས་སྡང་མཚོན་བྱེད་ཀྱི་ངག་ཚིག་ནུས་པ་ཅན་བརྗོད་རྒྱུ་མེད་པ་སོགས་མདོར་ན་མི་དང་ཕག་པ་གཉིས་ལ་དབྱེ་ཁྱད་མེད་པ་ལྟ་བུ་ཞིག་ཡིན་པར་སྙམ།

དྲི་བ། བོད་དུང་། Tibet patriot 18
མིའི་རིགས་ཀྱི་ལོ་རྒྱུས་ཀྱི་སྟེང་དུ་སྙན་ངག་གམ་རྩོམ་རིག་གིས་སློང་བའི་དམགས་འཁྲུག་བྱུང་མྱོང་བ་རེད་དམ།

དྲིས་ལན། ཧོར་གཙང་འཇིགས་མེད།
དྲི་བ་འདིའི་ལན་ངས་མི་ཤེས།

བོད་དུང་། Tibet patriot 19
སྙན་ངག་ཅེས་པ་འདི་མི་རེ་རེ་ལ་འགྲེལ་ཚུལ་རེ་ཡོད་པ་རེད། ཨེ་རེད་ལགས། མིའི་འཚོ་བ་དང་འཚོ་བའི་གཟུགས་དབྱིབས་ཀྱི་ཁ་དོག་མི་འདྲ་བའི་དབང་གིས་མིའི་ཚོར་བ་ཡང་འདྲ་རྒྱུ་མ་རེད། དེའི་རྐྱེན་གྱིས་མིས་ཚོར་བ་ལ་བརྟེན་ནས་བྲིས་འོང་བ་མཐའ་དག་སྙན་ངག་རེད་ཅེས་བཤད་ན་འགྲིག་རྒྱུ་ཨེ་རེད་ལགས།

དྲིས་ལན། ཧོར་གཙང་འཇིགས་མེད།
བསྟན་བཅོས་དང་གཞུང་ལུགས། ཡང་ན་དེ་མིན་གྱི་རྩོམ་ཡིག་གང་ཞིག་ཡིན་རུང་ཀློག་མཁན་རེ་རེ་ལ་གོ་བ་ལེན་ཚུལ་མི་འདྲ་བ་རེ་རེ་ཡོད་པ་གཅིག་མཚུངས་ཡིན་པ་ལས། གོ་བ་ལེན་མཁན་མི་འདྲ་བ་ཡོང་བ་དེ་སྙན་ངག་གཅིག་པོའི་ཁྱད་ཆོས་ཤིག་ཡིན་མི་སྲིད། དེ་ཙམ་དུ་མ་ཟད་མི་བཅུ་འཚོགས་པའི་དབུས་སུ་ཁྱོད་ཀྱིས་དོན་དག་གཅིག་གསལ་བོ་བྱས་ནས་ཤོད་དང་། སང་ཉིན་མི་བཅུ་བོ་དེ་དག་གིས་ཁ་སང་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་མི་གཞན་ལ་བཤད་པའི་སྐབས་སུ་འདྲ་མཚུངས་གཏན་ནས་ཡིན་མི་སྲིད་པ་དང་། ཡང་བསྐྱར་མི་བཅུ་བོ་དེ་དག་ཁྱོད་ཀྱི་མདུན་དུ་བསྡུས་ཏེ་ཁ་སང་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ཚུར་ཁྱེད་ལ་སྐྱོར་དུ་བཅུག་ཚེ་མི་བཅུ་བོ་དེ་དག་གིས་བཤད་པ་གཅིག་མཚུངས་ཡིན་མི་སྲིད་ལ། མཚམས་ལན་རེར་ཁྱེད་ཀྱི་བསམ་པའི་དགུ་ལ་མ་ཤར་བའི་དོན་དག་ཁྱད་མཚར་དེ་འདྲའང་ཁྱོད་ཀྱི་མགོ་ལ་འཇོག་ངེས་ཡིན་མོད། གལ་སྲིད་ངས་བཤད་པ་འདི་ལ་ཡིད་མི་ཆེས་བྱེད་མི་ཐུབ་ན་རང་ངོས་ནས་ཚོད་ལྟ་ཞིག་བྱོས་དང་དཀའ་ཚེགས་མེད་པར་དོན་དག་ར་སྤྲོད་འབྱུང་ངེས་ཡིན།
སྔར་བྱུང་རྒྱ་གར་བའི་རིག་གཞུང་ལོ་རྒྱུས་ཐོག་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་ཞེས་གྲགས་པར་སྣང་ཞིང་། གྲུབ་མཐའ་བྱེ་བྲག་པ་དང་མི་བྱེ་བྲག་པ་རེ་རེས་གོ་བ་ལེན་སྟངས་མ་འདྲ་བའི་དབང་གིས་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་ཡོང་གིན་ཡོད་ལ། གལ་སྲིད་སྙན་ངག་གཅིག་ལ་གོ་བ་མི་འདྲ་བ་སྣ་ཚོགས་ལེན་མཁན་གྱི་ཀློག་མཁན་མང་བོ་ཡོང་གིན་ཡོད་པའི་དབང་དུ་བཏང་རུང་། དེ་ནི་སྙན་ངག་དེའི་རང་སྟེང་ན་གོ་བ་མི་འདྲ་བ་མང་བོ་འཚོགས་ནས་ཡོད་པ་མཚོན་མི་ཐུབ་པར། ཀློག་མཁན་ཐ་དད་པའི་བློ་ཁ་མཐོ་དམན་དང་གོ་བ་ལེན་ཕྱོགས། བསམ་བློའི་འཆར་ཚུལ་བཅས་ལ་རག་ལས་པ་ཞིག་ཡིན།
ལོ་རབས་བརྒྱད་ཅུ་བའི་ནང་ནས་སྙན་ངག་གསར་བ་འབྲི་མཁན་མང་བོ་ཞིག་གི་སྙན་ངག་མང་ཤོས་ཀློག་མཁན་རྣམས་ཀྱིས་མི་གོ་བར་གྱུར། དེ་ལ་མང་ཚོགས་ཀྱིས་གོ་མི་ཐུབ་པའི་བསམ་འཆར་བཤད། བསམ་འཆར་དེ་ལ་སྙན་ངག་པ་ཚོས་ལན་འདེབས་ཤིག་བྱས་པ་ནི། སྙན་ངག་ལ་འགྲེལ་བཤད་རྒྱག་སྲོལ་མེད། ཁྱེད་ཀྱིས་གང་གོ་ན་དེ་ག་རང་རེད་ཟེར་བའི་བཤད་སྟངས་གསར་བ་ཞིག་ཁྱབ་གདལ་དུ་ཕྱིན་ཡོད། དེ་ནི་གཡུལ་ས་འཆོར་ལ་ཉེ་བའི་སྙན་ངག་གི་འཐབ་མོ་བ་དེ་རིགས་ཀྱིས་སྲོག་ཡོལ་བྱེད་སའི་བྲག་ཕུག་ཅིག་རྙེད་པ་དེ་ཡིན་ལ། དུས་དེ་ནས་བཟུང་ཁོང་ཚོའི་སྙན་ངག་ནི་བསམ་དུ་མེད་པ་དང་བརྗོད་དུ་མེད་པ། འགྲེལ་དུ་མེད་པ། མགོ་མཇུག་མེད་པ། བཟང་ངན་གྱི་རྣམ་དབྱེ་བྱར་མེད་པ། ཅི་ཡང་ཡིན་ལ་ཅི་ཡང་མ་ཡིན་པ་ཞིག་སྟེ། ཡིན་པ་མི་སྲིད་པའི་ཤེས་བྱ་གསར་བ་ཞིག་ཏུ་གྱུར་ནས། ཁོང་ཚོའི་སྙན་ངག་རེ་རེ་ནི་ཁྱི་ཚོགས་ལྟོགས་པའི་ནང་དུ་འགྱིག་གིས་བཟོས་པའི་ཤ་རུས་འཕངས་པ་དང་གཅིག་མཚུངས་སུ་གྱུར། སྙན་ངག་པ་དེ་ཚོའི་གསལ་བཤད་དེ་ལ་བརྟེན་ནས་སྙན་ངག་པས་ཅི་ཞིག་བཤད་ན་སྙན་ངག་ཡིན་ཆོག་པ་དང་། གང་ཞིག་བྲིས་པ་གཏིང་ཟབ་མོ་ཡིན་དགོས་པར་མ་ཟད། དེ་ལ་གོ་བ་མི་རྙེད་པ་དེ་ཀློག་མཁན་ཚོའི་ཤེས་ཚད་ཀྱིས་མ་འདང་བ་དང་། ཀློག་མཁན་ཚོར་སྒྱུ་རྩལ་བརྩམས་ཆོས་ལ་རོལ་མྱོང་བྱེད་པའི་ནུས་པ་མེད་པ་བཅས་ཀྱི་ངན་ཁག་ཀྱང་ཀློག་མཁན་གྱིས་འཁུར་དགོས་པའི་དུས་ཚོད་དམིགས་བསལ་བ་ཞིག་ཤར་ཡོད།

དྲི་བ། བོད་དུང་། Tibet patriot 20
མཇུག་མཐར་བོད་ཀྱི་སྐད་ཡིག་གི་སྡེ་ལ་ཞབས་ཞུ་ཅི་ཐུབ་སྒྲུབ་མཁན་དང་སྙན་ངག་གི་ལམ་དུ་ཡོད་མཁན། ཡང་ན་སྙན་ངག་གསར་འབྲི་ཡི་ལམ་དུ་ཡོད་མཁན་སོགས་ལ་ཉིད་ཀྱིས་བཤད་འདོད་པའི་རེ་བ་འདྲའམ་སྐད་ཆ་འདྲ་ཡོད་དམ་ལགས། 2020/5/13/ཉིན།

དྲིས་ལན། ཧོར་གཙང་འཇིགས་མེད།
ཁྱེད་ཀྱིས་འདི་ལྟ་བུའི་དྲི་བ་མང་བོ་དང་། དྲི་བ་རྒྱ་ཆེ་ལ་གཏིང་ཟབ་པ་ཤ་སྟག་དྲིས་འདུག་པ་ནི་ཁྱེད་དང་ངེད་གཉིས་ཀྱི་བར་དུ་དོན་དག་གང་ཞིག་གསལ་བོར་མ་གྱུར་ནས་དྲི་བ་དང་དྲིས་ལན་བྱས་པ་མིན་པར། འདི་ལྟ་བུའི་དྲི་ཚིགས་ཀྱི་ལམ་ནས་མི་མང་བོ་ཞིག་གི་སེམས་ལ་དོགས་སློང་བྱེད་པ་དང་། དྲན་བསྐུལ་ཐེབས་པ་བཅས་ཀྱི་ཀུན་སློང་གིས་བསྐུལ་བ་ཡིན་སྟབས། ཉིན་གྲངས་གཉིས་གསུམ་གྱི་རིང་ལ་ནམ་ཁོམ་གྱི་དུས་ཚོད་སྤྱད་དེ་སེམས་ལ་གང་ཞིག་འཆར་བའི་རྨོངས་འཆར་དག་སྡུག་རུས་ཆེན་པོས་ཡིག་ལམ་དུ་ཕབ་པ་ཡིན་པས། ཀུན་སློང་རྣམ་དག་གི་ས་གཞི་ཡོད་པ་དང་། ཚེགས་དང་གྲོན་གྱིས་འགོག་མི་ཐུབ་པའི་ཕན་སེམས་ཀྱི་སྲོག་སྙིང་དྲོན་མོའི་རྒྱུ་ཚོགས་ལ་བརྟེན་ནས། དྲིས་ལན་འདི་དག་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཚུལ་དུ་རང་རིགས་རྣམས་ལ་འབུལ་ཐུབ་པ་བྱུང་བ་ལ་དགའ་ཚོར་ཆེན་པོ་སྐྱེས། ཞུ་དགོས་པ་དང་ཞུ་འདོད་པ། ཅི་ཙམ་ཞུ་ཤེས་པའི་སྤྲང་ཁུག་སྤྲུགས་སྤྲུགས་བཏང་ཚར་ཡིན་པས་ད་ནི་དམིགས་བསལ་གྱིས་རྩམ་རྡུལ་ལྷག་མ་མེད་ཚོད་ཡིན། དེས་ན། རྩོམ་པ་བོ་ཞིག་བྱ་འདོད་མཁན་དང་སྙན་ངག་པ་ཞིག་བྱ་འདོད་མཁན་དག་གིས། རང་ཉིད་ལ་མགོ་སྐོར་མི་གཏོང་བ་དང་། གཞན་ལ་བསླུ་བྲིད་མི་བྱེད་པ། རྫུན་གྱི་རྩྭ་སྐྱའི་གསེང་དུ་ཡིབས་ནས་སྲོག་མགོ་གང་ཐོན་གྱི་ངང་ལ་སྡོད་པ་ལས། བདེན་པའི་ངར་ལངས་ལ་བརྟེན་ནས་གྲང་ལྷགས་ལ་མཐོང་གཏད་ཐུབ་པ་ཞིག་བྱས་ན་མི་ཞིག་ཏུ་སྐྱེས་པས་སྐྱེ་གོ་ཆོད་པ་ཡིན་ཞིང་། སེམས་ཞབས་སུ་ན་ཟུག་གི་ངོ་བོར་འབར་བཞིན་པའི་ཚོར་འདུ་དམར་རྗེན་མ་དེ་ལ་ཚུལ་འཆོས་ཀྱིས་ལྷན་པས་མི་གཡོག་པ་དེ་ནི་སྙན་པའི་དམ་ཚིག་ཡིན་ནམ་སྙམ།། །།

ཁ་བྲོ། བཀྲ་ཤིས།
སྤྱི་ལོ་༢༠༢༠ ལོའི་ཟླ་༤ ཚེས་༢༥ དང་སྤྱི་ཟླ་༥ ཚེས་༡༧ ཉིན་གྱི་མཚན་མོར་མཇུག་གྲུབ་པར་བགྱིས་སོ།།